དབུ་ཤོག>ཞིང་འབྲོག་གསར་པ།
  • ནག་ཆུ་གྲོང་ཁྱེར་གྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    འདི་ལོ་རྣམ་གྲངས་ཁག་10ལག་བསྟར་བྱ་རྒྱུ་དང་མ་དངུལ་སྒོར་དུང་ཕྱུར་2.35གཏོང་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-12

    གསར་འགོད་པར་ནག་ཆུ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནག་ཆུ་གྲོང་ཁྱེར་གྱིས“ཁྲི་སྟོང་འདུ་འགོད་ཀྱི་ཉམས་མྱོང”སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག ཁྱད་ལྡན་ཐོན་ལས་སྐྱེད་སྲིང་སོགས་ལ་ཤུགས་སྣོན་རྒྱག་པ་དང་། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་མགྱོགས་པོ་བྱེད་པ། གྲོང་གསེབ་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། ཞིང་འབྲོག་མང་ཚོགས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་ཀྲུང་དབྱང་ནོར་སྲིད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་གསབ་རོགས་དངུལ་སྦྲེལ་མཐུད་བྱས་ནས་མ་དངུལ་སྒོར་དུང་ཕྱུར་2.35བཏང་སྟེ། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཁག་10ལག་བསྟར་བྱ་རྩིས་ཡོད་ཅིང་། དེའི་ནང་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་2.26དང་། རྫོང་རིམ་པའི་ལྷན་སྦྱར་མ་དངུལ་སྒོར་ཁྲི་665.98 མང་ཚོགས་ཀྱིས་གྲབས་གསོག་བྱས་པའི་མ་དངུལ་སྒོར་ཁྲི་290.13བཅས་ཟིན་ནས་མིག་སྔར་གྲོང་ཚོའི་འཆར་འགོད་ཁག་8ལེགས་གྲུབ་ཟིན་ཡོད་པ་རེད། རྣམ་གྲངས་ལག་བསྟར་མགྱོགས་པོ་བྱས་ནས་འགྲོ་ལུགས་ཆ་ཚང་བའི་སྒོ་ནས་སྔ་ཙམ་ལས་འགོ་འཛུགས་ཐུབ་པར་བྱ་ཆེད། ནག་ཆུ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་རྫོང་ཁག་ལ་རྣམ་གྲངས་ལག་བསྟར་མ་བྱས་གོང་གི་འགྲོ་ལུགས་གཉེར་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་ཧུར་ཐག་བྱས་པས། མིག་སྔར་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཐད་ཞིབ་འཇུག་བྱེད་ཆོག་པའི་དུས་མཚམས་སུ་སླེབས་པའི་རྣམ་གྲངས་5དང་། ཆོག་མཆན་རགས་ཙམ་སྤྲད་པའི་རྣམ་གྲངས་2 འོས་སྐུལ་བྱེད་བཞིན་པའི་རྣམ་གྲངས་3བཅས་ཡོད་པ་རེད།

    2024ལོར་ནག་ཆུ་གྲོང་ཁྱེར་གྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ལྷ་རི་རྫོང་དུ་འཚོགས་པ་རེད། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱས་པ་ལས་ལྷ་རི་རྫོང་གསེར་སྟེང་ཁ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་བ་སྟེ། ཆུ་ཀ་ལ་དང་གསང་སྤྱོད་ལོགས་དགར་ཡོད་པའི་སྡོད་ཁང་གསར་པ་115གསར་དུ་བསྐྲུན་ནས་་མི་ཕྱུགས་ལོགས་སུ་དབྱེ་བས། གྲོང་མིའི་སྡོད་གནས་ཀྱི་ཆ་རྐྱེན་ཡང་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་གྲོང་ཚོའི་ནང་གི་ལམ་དང་ལམ་ཕྲན་ཚང་མར་ཨར་འདམ་བཏིངས་པ་དང་། ཉི་ནུས་ལམ་སྒྲོན་དང་། རིག་གནས་ལུས་རྩལ་བྱེད་སྒོའི་ཁུལ། སྤྱི་པའི་གསང་སྤྱོད། སྤྱི་པའི་རླངས་འཁོར་འཇོག་ས་སོགས་ཞོར་གཏོགས་སྒྲིག་བཀོད་གང་དགོས་ཚང་མ་བསྐྲུན་ཡོད་པ་རེད།

    “ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག ང་ཚོ་གསེར་སྟེང་ཁ་གྲོང་ཚོར་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་བཅས་གང་སར་ཁྱབ་པ་དང་། འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པར་འགྱུར་བཞིན་ཡོད”ཅེས་ལྷ་རི་རྫོང་གསེར་སྟེང་ཁ་གྲོང་ཚོའི་གྲོང་མི་ཚེ་རིང་རྡོ་རྗེས་དགའ་ཚོར་ཆེན་པོས་བཤད།

    འདས་ཟིན་པའི་ལོ་གཅིག་ནང་ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་དེ་བས་མངོན་གསལ་དོད་པོ་ཕྱིན་ཡོད། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་26ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་7.18གཏོང་རྒྱུ་ཡིན་པ་ལས་དངོས་སུ་སྒོར་དུང་ཕྱུར་5.74བཏང་ཟིན་པ་དང་ལས་གྲྭ་93.34%ལེགས་སྒྲུབ་བྱས་པ་རེད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཞིང་། དུད་ཚང་3757གྱི་གསང་སྤྱོད་སྒྱུར་བཀོད་ལེགས་སྒྲུབ་བྱས་པར་ལེགས་སྒྲུབ་བྱུང་ཚད་94.75%ཟིན་པ་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་9ལག་བསྟར་བྱས་པར་ལེགས་སྒྲུབ་བྱུང་ཚད་96.25%ཟིན་ཡོད་པ་རེད།

    ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ཏེ། ནག་ཆུ་གྲོང་ཁྱེར་གྱིས“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་དམིགས་ཚད་ཕྱོགས་སུ་བརྟན་པོའི་ངང་སྐྱོད་བཞིན་ཡོད་ལ། གྲོང་གསེབ་དར་རྒྱས་གཏོང་བའི་མཛེས་སྡུག་ལྡན་པའི་འཆར་གཞི་ཡང་རིམ་གྱིས་འགོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།