ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་སྤུས་ཚད་ལེགས་སུ་བཏང་བ།
རང་ལྗོངས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལག་རྩལ་གསར་གཏོད་ལག་ལེན་ཧུར་ཐག་བསྟར་བ་དང་། སྒྱུར་བཅོས་ཀྱི་ཐབས་མཆོག་སྤྱོད་པ། ཞིང་འབྲོག་ཁུལ་སྒྱུར་བཅོས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ་བཅས་བྱས་ནས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད།
ཚན་རྩལ་གྱིས་ཞིང་ལས་ལ་རམ་འདེགས་བྱས་ནས་ཐོན་ལས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།
བྲག་གཡབ་རྫོང་གྲོང་དང་ཐག་ཉེ་བའི་ཏི་དཀར་ནག་ནགས་ཁུལ་གྱི་རྡོ་རྗེ་དོན་གྲུབ་ཁྱིམ་ནི་གྲོང་ཚོའི་ནང་གི་ཚན་རྩལ་དཔེ་སྟོན་དུད་ཚང་རེད།
འདི་ལོ་ལོ་61ལ་སླེབས་པའི་རྡོ་རྗེ་དོན་གྲུབ་ཀྱིས་དུས་རབས་གོང་མའི་ལོ་རབས་90པ་ནས་ཀུ་ཤུའི་སྡོང་པོ་འདེབས་འགོ་བཙུགས་པ་དང་། སྐབས་དེ་དུས་ཀུ་ཤུའི་སྡོང་པོ་བཅུ་གྲངས་ཁ་ཤས་ལས་མེད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཞིང་ཕན་གྱི་སྲིད་ཇུས་ཁག་དོན་པ་དང་བསྟུན་ནས་ཚན་རྩལ་ཆེད་མངགས་པའི་ལག་རྩལ་མཛུབ་ཁྲིད་འོག་རྡོ་རྗེས་འདེབས་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཀུ་ཤུ་འདེབས་མཁན་གྱི་ཆེད་ལས་དུད་ཚང་ཞིག་ཏུ་གྱུར། ད་ཆ་ཁོང་གི་ཤིང་འབྲས་ར་བ་མུའུ་20བར་རྒྱ་སྐྱེད་ཕྱིན་ཡོད་པ་དང་ཐོན་འབབ་དང་ཕན་འབྲས་ཀྱང་ལོ་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད།
2024ལོ་ཚུན་དུ་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་ཞིང་འབྲོག་ལས་ཚན་རྩལ་གཤམ་སྤེལ་ལག་རྩལ་འགན་ལེན་ལས་དོན་སྒྲིག་འཛུགས་ལག་བསྟར་བྱས་ཤིང་། ལས་དོན་དེས“ལག་རྩལ་གྱིས་སྣེ་འདྲེན་བྱེད་པ་དང་། ཁྱབ་གདལ་གཏོང་རྒྱུ་འགག་རྩར་འཛིན་པ། ཞབས་ཞུ་འགན་ལེན་དུ་བྱེད་པ། དཔྱད་ཞིབ་ཚད་གཞིར་འཛིན་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་སྤྱི་ཚོགས་ལ་དགོས་མཁོ་ཆེ་བ་དང་། ཐོན་ལས་ཀྱི་དགོས་མཁོ་ཆེ་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་རེ་སྒུག་ཆེ་བ་བཅས་ལ་གཞིགས་ནས་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན། ལྗང་མདོག་འཕེལ་རྒྱས་བཅས་ཀྱི་ལག་རྩལ་དགོས་མཁོར་དམིགས་ཏེ་ཙུའུ་ཀྲང་གིས་སྤྱི་འདོམས་འགན་འཁུར་བ་དང་། རིགས་གཅིག་མཁས་ཅན་གྱིས་སྣེ་ཁྲིད་དེ་སྐུལ་འདེད་གཏོང་བ། ཚོགས་པས་འགན་ལེན་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། སྔ་རྗེས་སུ་ཚན་རྩལ་པ་5162སྒྲིག་འཛུཌ་བྱས་ནས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་མི་ཐེངས་ཁྲི་3.5ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། དེ་དང་ཆབས་ཅིག་དྲ་ཐོག་དང་དྲ་ཕྱི་བརྒྱུད་ཞིང་འབྲོག་པ་མི་ཐེངས་ཁྲི་4ལྷག་ཙམ་ལ་གསོ་སྦྱོང་བྱས་ནས་མང་ཚོགས་མི་ཐེངས་ཁྲི་38ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།
དངུལ་རྩའི་སྣ་མང་ཞབས་ཞུ་ལས་ཁེ་ལས་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ།
2024ལོར་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་དངུལ་རྩའི་ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱེད་པའི་དཔེ་སྟོན་ལས་གྲྭའི་ལས་ཀའི་ཇུས་གཞི》བཟོས་ནས་བཀྲམ་སྟེ། ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞི་སྐོང་འཐེན་གྱིས་དངུལ་རྩའི་ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱེད་པའི་དཔེ་སྟོན་ལས་གྲྭའི་རྣམ་གྲངས་ཁག་དང་པོ་བཀོད་སྒྲིག་བྱས་པ་དང་སྐུལ་འདེད་བཏང་ཡོད།
བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ལྗོངས་རྣམ་དངུལ་རྩ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ནས་ཕྲན་ཚེགས་ཁེ་ལས་ཀྱི་ཐོན་ནུས་ཆེ་རུ་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མའི་ལྗོངས་རྣམ་འཕེལ་རྒྱས་གཏོང་བར་དམིགས་ཏེ“བུ་ལོན་མྱུར་གཏོང་གཉེར་སྐྱོང་དང་། དྲ་བུན་འཁོར་རྒྱུག གྲངས་འཛིན་མཁོ་སྤྲོད་འབྲེལ་ཐག”བཅས་ཐོན་རྫས་ཆེན་པོ་གསུམ་འདེགས་སྐྱོར་དུ་བྱས་ཤིང་། འབྲི་གཡག་དང་། བོད་ཕག བོད་བྱ། ཁུལ་ལྡན་ར། བོད་སྨན་སྨན་རྒྱུ་སོགས་གཙོ་གནད་ཞིང་འབྲོག་ལས་ཀྱི་ཐོན་ལས་འབྲེལ་ཐག་འདུས་སྡོད་ཁུལ་དང་། སྲིད་གཞུང་གི་གཙོ་གནད་རྫོང་ཁོངས་ཀྱི་ཁྱད་ལྡན་འཕེལ་རྒྱས་གཏོང་བའི་ཡུལ་སྐོར་ཐོན་ལས་ཁུལ། ས་ཁམས་མཚོན་རྟགས་ཀྱི་ཞིང་འབྲོག་ཐོན་ལས་སམ་ཡང་ན་སྐུལ་ཁྲིད་བྱེད་པར་ཕན་འབྲས་ཅུང་མངོན་གསལ་དོད་པའི་ས་ཁུལ་བཅས་ལེགས་འདེམས་དམིགས་ཚད་དུ་བྱས་ཏེ། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་དང་གནད་སྨིན་འབྲེལ་མཐུད་བྱས་པ་བརྒྱུད། “ཐིགས་ཆུ་གཏོང་བའི་རྣམ་པའི”ཁྱད་ལྡན་ཅན་གྱི་དངུལ་རྩའི་ཞབས་ཞུར་བརྟེན་ནས་ཁེ་ལས་ལ་རམ་འདེགས་བྱས་ཤིང་། དུས་ཐོག་ཏུ་ཁེ་ལས་ཀྱི་དཀའ་ངལ་དང་སེམས་ཁྲལ་བསལ་བའི་ཁར། བྱ་སྤྱོད་དངོས་ལ་བརྟེན་ནས་གསོ་ཚཌ་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ཡོད།
“ཤ་ཚལ་སྒོང་གསུམ”ལ་བརྟེན་ནས“དངུལ་ཁུག”ལྗིད་ཏིག་ཏིག་བཟོས་པ།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་དེང་རབས་ཞིང་ལས་ཐོན་ལས་དང་ལྷག་པར་དུ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས“ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་སྔོ་ཚལ་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དེ་ཁྲོམ་ར་དང་། ཟོག་གོང་། དམངས་སེམས་བཅས་བརྟན་པོ་ཡོང་བར་བྱེད་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱས་པས་སྔོ་ཚལ་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། རྒྱ་ཆེའི་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་ལེགས་སུ་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། བསྡོམས་རྩིས་བརྒྱབ་པ་ལྟར་ན། ལྗོངས་ཡོངས་ཀྱི་སྔོ་ཚལ་འདེབས་ཁྱོན་2012ལོའི་མུའུ་ཁྲི་35.61ནས་2023ལོའི་མུའུ་ཁྲི་44.45བར་མང་དུ་ཕྱིན་པ་དང་། ཐོན་འབབ་ཏུན་ཁྲི་65.59ནས་ཏུན་ཁྲི་95བར་མང་དུ་ཕྱིན་ནས་འཕར་ཚད་24.82%དང་44.84%སོ་སོར་ཟིན་ཡོད་པ་རེད།
མིག་སྔར། རང་ལྗོངས་ལ་ཁྱོན་ཞིང་ལས་ཚན་རྩལ་གླིང་14ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཚན་རྩལ་གླིང་4དང་རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་གླིང་10ཡོད་ཅིང་། གླིང་ཁུལ་དེ་དག་སྤྱིར་ན་རང་ལྗོངས་ཀྱི་གཙོ་ཁྲིད་ཐོན་ལས་དང་ཐོན་ཁུལ་གཙོ་བོར་ཁྱབ་ཡོད་པ་རེད།