གྲོང་ཚོ་ཆུང་ཆུང་ལ་གསོན་ཤུགས་གསར་པ་རྒྱས།
གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་འགྱེས་ཕུག་གྲོང་ཚོའི་མཐོང་ཐོས།
“ཨར་འདམ་ཟམ་པ་བསྐྲུན་རྗེས་ཨར་སྐྲུན་མཁོ་ཆས་དང་དེང་རབས་ཅན་གྱི་ཁྱིམ་ཆས་ཆེ་གྲས་སོགས་ཐད་ཀར་སྒོ་འགྲམ་དུ་སྐྱེལ་ཐུབ་པས། གྲོང་ཚོར་འགྱུར་ལྡོག་ཇེ་ཆེར་འགྲོ་བཞིན་ཡོད”ཅེས་འགྱེས་ཕུག་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་བཤད།
2015ལོར་ནེ་པ་ལའི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་འགྱེས་ཕུག་གྲོང་ཚོར་གནོད་འཚེ་ཚབས་ཆེན་ཕོག་ཡོད། གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་ཁྲོད། རྒྱལ་ཁབ་ཀྱིས་གྲོང་ཚོའི་དུད་ཚང་རེར་བསྐྱར་སྐྲུན་མ་དངུལ་སྒོར་ཁྲི་31ཁ་གསབ་རོགས་སྐྱོར་བྱས་པ་མ་ཟད། ད་དུང་ཨར་འདམ་ཟམ་པ་དེའང་གསར་དུ་བསྐྲུན་ཡོད། དེའི་རྗེས་ཀྱི་ལོ་འགའི་ནང་སྔོན་ཆད་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་གཏོར་སྐྱོན་ཤོར་བའི་གྲོང་མི་ཚོའི་ཤིང་ཁང་ཆུང་ཆུང་དག་ད་ཆ་ཐོག་གཉིས་མའི་ཁང་པ་གསར་པར་གྱུར་ཞིང་། གྲོང་ཚོའི་ལམ་ཡང་ཁྱིམ་གྱི་སྒོ་འགྲམ་བར་བཏིང་ཡོད།
ད་ཆ་འགྱེས་ཕུག་གྲོང་ཚོའི་གྲོང་མི་རྣམས་ཡིད་ཚིམ་ཤོས་ཀྱི་བྱ་བ་ནི་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་གསོག་ཐུབ་པ་དེ་རེད། “སྔོན་ཆད་ལྟོ་གོས་ཀྱི་ཆེད་དུ་གྲོང་མི་རྣམས་སྐྱིད་གྲོང་གྲོང་རྡལ་ལམ་ཡང་ན་དེ་ལས་ཐག་རིང་བའི་གཞིས་རྩེ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་ཡོང་འབབ་གསོག་པར་སྐྱོད་དགོས་ཀྱི་ཡོད”ཅེས་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གིས་སྐུལ་འདེད་ཤུགས་ཆེན་བཏང་བས། གྲོང་ཚོའི་ནང་ཚོང་ཁང་དང་ཟ་ཁང་མང་པོ་བཙུགས་པ་ཕུད། ད་དུང་སྔ་རྗེས་སུ་དམངས་སྲོལ་གནས་ཚང་19བསྐྲུན་ཡོད་ཅེས་བཤད།
གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་འགྱེས་ཕུག་གྲོང་ཚོའི་ཡུལ་མིའི་སྡོད་ཁང་གི་བཀོད་སྒྲིག་ལའང་དེང་རབས་ཀྱི་རྣམ་པ་མངོན་བཞིན་མཆིས། ཐོག་གཉིས་མའི་ཁང་པ་བཀོད་སྒྲིག་ལུགས་མཐུན་བྱས་པ་སྟེ། ཐོག་སོ་དང་པོ་ནི་ཡུལ་ཟོག་ཚོང་ཁང་ཡིན་པ་དང་། ཐོག་སོ་གཉིས་པ་ནི་ཡུལ་མིའི་སྡོད་ཁང་ཡིན་པ་རེད།
འགྱེས་ཕུག་གྲོང་ཚོ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དེས་གྲོང་ཚོ་དེ་གའི་ཕྱི་ལ་སློབ་ཆེན་འགྲིམ་པའི་སློབ་མ་མང་པོ་ཕ་ཡུལ་དུ་ལོག་ནས་འཕེལ་རྒྱས་གཏོང་བའི་ཡིད་དབང་བཀུག་ཡོད། “གྲོང་ཚོའི་ནང་ཁྱོན་སློབ་ཆེན་སློབ་མ་9ཡོད་པ་དང་3ཕྱིར་ལོག་ཟིན་པ་དང་ཚང་མས་རང་བརྟེན་ལས་གཏོད་བྱེད་བཞིན་ཡོད། ཁོང་ཚོའི་ཁྲོད་དུ་ཕ་ཡུལ་གྱི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་བྱེད་མཁན་ཡོད་ལ། དྲ་ཐོག་ལས་སྟེགས་སྤྱད་དེ་ཐད་གཏོང་ཟོག་ཚོང་བྱེད་མཁན་ཡང་ཡོད། ཁོང་ཚོའི་སྐུལ་ཁྲིད་འོག་གྲོང་ཚོ་ཡག་ཐོག་ཡག་བརྩེགས་ཡོང་བའི་ཡིད་ཆེས་ཡོད”ཅེས་བཀྲ་ཤིས་ཀྱིས་བཤད།