བོད་བྱ་གསོ་ཚགས་བྱས་ནས་ཕྱུག་འགྱུར་གྱི་སྒོ་མོ་གསར་པ་འབྱེད་པ།
མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཕྱི་ནང་གྲོང་ཚོའི་ཡུལ་མི་བསྟན་འཛིན་འཕྲིན་ལས་བོད་བྱ་གསོ་ཚགས་ར་བར་འཛུལ་ཏེ་ལས་གོས་གྱོན་ནས་ཉིན་གཅིག་གི་ལས་ཀ་བྱེད་འགོ་བརྩམས། ཁོང་གིས་བྱང་ཆ་ལྡན་པའི་ངང་ཟོ་བ་ཞིག་ནང་གཟན་ཆག་བླུགས་ནས་གསོ་ཚགས་ཁང་ཕྱོགས་སུ་བསྐྱོད། སྒོ་ག་ལེར་ཕྱེ་བ་དང་བསྟུན་ནས། བོད་བྱ་ཁྱུ་ཞིག་གིས་སྒོ་རའི་ནང་སྐད་བརྒྱབ་སྟེ་ཞོགས་པའི་ལྷིང་འཇགས་དཀྲོགས་པ་དང་མཉམ་དུ་གསོ་ཚགས་ར་བ་ལ་གསོན་ཤུགས་ཀྱིས་ཁེངས་པའི་རྣམ་པ་ཞིག་ཀྱང་མངོན།
“ང་ཚོ་ཁྱིམ་རྒྱུད་ཀྱིས་བྱ་དེ་གསོས་ནས་ལོ་མང་པོ་ཕྱིན་སོང་། རྫ་མའི་བྱ་ཚང་འདི་དག་ང་རང་ཆུང་དུས་ནས་འདུག དེ་དག་ལ་ང་ཚོའི་ཁྱིམ་རྒྱུད་ཀྱིས་བྱ་དེ་གསོ་ཚགས་བྱས་པའི་ལོ་རྒྱུས་ཀྱི་དྲན་ཤེས་ཡོད། ད་ཆ་གསོ་ཚགས་ར་བའི་ནང་བཞག་པ་ཡང་རྒྱུན་འཛིན་ཞིག་རེད”ཅེས་བསྟན་འཛིན་འཕྲིན་ལས་ཀྱིས་བྱ་སྒོང་བསྡུ་ཞོར་ངོ་སྤྲོད་བྱས།
བོད་བྱ་གསོ་ཚགས་ལ་དགའ་ཞེན་ཆེན་པོ་ཡོད་པའི་ཁར། ཏང་གི་དམངས་ཕན་སྲིད་ཇུས་ཀྱི་སྣེ་ཁྲིད་འོག བསྟན་འཛིན་འཕྲིན་ལས་ཀྱིས་2021ལོར་མལ་གྲོ་གུང་དཀར་རྫོང་རྒུ་རུ་ཆུ་མགོ་བོད་བྱ་གསོ་ཚགས་མཉམ་ལས་ཁང་བཙུགས་ནས་འགྲན་སློང་དང་གོ་སྐབས་ཀྱིས་ཁེངས་པའི་ཕྱུག་འགྱུར་ལམ་བུར་བསྐྱོད་པ་རེད།
དང་ཐོག བྱ་ཕྲུག་གསོན་ཚད་ཉུང་བ་དང་། གསོ་ཚགས་ལག་རྩལ་དམའ་བ། བྱ་ནད་ཀྱི་ཉེན་ཁ་སོགས་གནད་དོན་མང་པོ་འཕྲད་ཡོད། ཡིན་ན་ཡང་བསྟན་འཛིན་འཕྲིན་ལས་ཀྱིས་དཀའ་སྡུག་ཡོད་ཚད་གདོང་གིས་བསུས་ནས“གནད་དོན་འཕྲད་ན་ཐབས་ཤེས་གང་མང་བཙལ་ནས་ཐག་གཅོད་བྱེད་པ་ལས་འཐུས་ཤོར་སྐར་ཆ་གཅིག་ཀྱང་བཏང་མེད” ཅེས་བཤད། ཁོང་གིས་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས་གསོ་ཚགས་ཤེས་བྱ་དང་རྩལ་ནུས་རང་སྦྱོང་བྱས་པས་རིམ་བཞིན་ཚན་རིག་དང་མཐུན་པའི་བྱ་དེ་གསོ་ཚགས་སྐོར་གྱི་ཆེད་ལས་ཤེས་བྱ་ཁོང་དུ་ཆུད་པ་རེད།
བསྟན་འཛིན་འཕྲིན་ལས་ཀྱི་འབད་བརྩོན་ལྷོད་མེད་དང་ཕྱོགས་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས། ད་ཆ་གསོ་ཚགས་ར་བ་ལ་གཞི་ཁྱོན་རགས་ཙམ་ཆགས་ནས་བོད་བྱ་600ལྷག་ཙམ་ཟིན་པས། མལ་གྲོ་ས་གཙང་ཀུང་སི་དང་སྡེབ་ཚོང་ཁང་ཆེ་གྲས་ཁག་ལ་གཟའ་འཁོར་རེར་བྱ་སྒོང་སྒམ་20ལྷག་ཙམ་མཁོ་འདོན་ཐུབ་ནས་ཁྱིམ་ཚང་ལ་ཟླ་རེར་ཡོང་འབབ་སྒོར་15000ཡས་མས་རག་གི་ཡོད་པ་མ་ཟད། ཁོང་གི་བོད་བྱའི་སྒོ་ངའི་སྤུས་རྟགས་ལ་ཡང་ས་གནས་དེ་གའི་ཁྲོམ་རའི་ཡིད་ཆེས་དང་དགའ་བསུ་ཡང་ཐོབ་ཡོད་པ་རེད།