སྣང་རྫོང་གྲོང་མདའ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་གསོན་ཤུགས་རྒྱས་པར་བྱས་པ།
2024ལོ་ཚུན་དུ། སྣང་རྫོང་གྲོང་མདའ་གྲོང་རྡལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཉིང་ཁྲི་གྲོང་ཁྱེར་གྱི“11364”ཡི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་སྣང་རྫོང་གི“1343”ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དམིགས་པ། “ཏང་ཀྲི་པུའུ་དང་། གྲོང་ཚོ་མཉམ་སྡེབ། མང་ཚོགས་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཐོན་ལས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གཉེར་སྐྱོང་དོ་དམ་གྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་སྤེལ་བ་བཅས་བྱས་པས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་ལ་གསོན་ཤུགས་རྒྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།
ཏང་འཛུགས་སྐྱོང་གི་སྣེ་ཁྲིད“ཁ་ཕྱོགས”ལ་སྟངས་འཛིན་གནད་འཁེལ་བྱས་ཤིང་། གྲོང་མདའ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་མདའ་གྲོང་ཚོ་ཚོད་ལྟ་བྱ་ཡུལ་དུ་བྱས་ཏེ“ཀྲི་པུས་སྣེ་ཁྲིད་དང་། ཐོན་ལས་འཕེལ་རྒྱས། ཏང་དམངས་མཉམ་སྐྲུན། གྲོང་གསེབ་དར་རྒྱས”བཅས་ཀྱི་ལས་ཀའི་རྣམ་པ་གཞིར་བཟུང་འཚོལ་ཞིབ་ཧུར་ཐག་དང་བློ་ཁོག་ཆེན་པོས་ལག་ལེན་བསྟར་ནས་རྒྱ་ཆེའི་གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་ཚོས་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ལྕག་སྐུལ་བྱས་ཏེ། “ཏང་ཡོན་ལས་བྱེད་པ་མདུན་དུ་སྐྱོད་པ་དང་མང་ཚོགས་ཀྱིས་རང་མོས་ངང་མཉམ་དུ་ལས་ཀ་བྱེད་པའི”འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད། 2024ལོ་ཚུན་དུ། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་ཕག་སྐྱག་གིས་གྲོང་ཚོའི་མཉམ་སྡེབ་ཀྱི་སྟར་ཁའི་སྣུམ་ལས་སྣོན་འཕྲུལ་ཆས་དང་དེ་བཞིན་ཚོང་ལས་ཁྲོམ་གཞུང་གི་ཚོང་ཁང་བོགས་མར་བླངས་པ་བརྒྱུད་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་དང་། ཐོན་སྐྱེད་ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ཕྱུག་འབྲུ་སྣུམ་ལས་སྣོན་མཉམ་ལས་ཁང་བཙུགས་ནས་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་3བཏོད་པ་དང་ས་གནས་དེ་གའི་མང་ཚོགས་20ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་བ་དང་། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་འགྱུར་མེད་ཀྱིས་གྲོང་ཚོའི་མཉམ་སྡེབ་ཀྱི་བྱེ་གསེག་ར་བ་བོགས་མར་བླངས་ཏེ་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་40ལྷག་ཙམ་བཏོད་པ་དང་ས་གནས་དེ་གའི་མང་ཚོགས་100ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་བསྟན་འཛིན་ཚེ་རིང་གིས་གྲོང་ཚོའི་མཉམ་སྡེབ་ཀྱི་ཇ་ཁང་བོགས་མར་བླངས་ནས་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་0.4བཏོད་པ་རེད། གྲོང་མདའ་གྲོང་ཚོའི་ཏང་ཡོན་གྱིས་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་བཏང་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འདེབས་འཛུགས་ལས་རིགས་དང་། སྐྱེལ་འདྲེན་ལས་རིགས། མི་སྒེར་གྱི་ལས་གཏོད་སོགས་ཀྱི་ལག་ལེན་ནང་ཞུགས་པར་སྐུལ་ཁྲིད་བྱས་ནས་མང་ཚོགས་ཀྱི་ལས་བརྩོན་ཕྱུག་འགྱུར་གྱི་ཧུར་སེམས་འཕེལ་བར་བྱས་པས། གྲོང་ཚོ་མཉམ་སྡེབ་དང་ཡུལ་མི་གཉིས་ཀར་འབབ་འཕར་དང་ཕྱུག་འགྱུར་བྱུང་ནས་2024ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི་100ལས་བརྒལ་བ་རེད།
སྐྱེ་ཁམས་གསོ་ཚགས་ཀྱི“ཕྱུག་འགྱུར་བྱ་དེ”གསོས་ཤིང་། གྲོང་མདའ་གྲོང་རྡལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་སྣང་ཆེན་བྱས་ནས“ནགས་ཚལ་ལ་བརྟེན་ནས་གསོ་ཚགས་དང་། གསོ་ཚགས་ལ་བརྟེན་ནས་ནགས་ཚལ་ལ་སྐུལ་འདེད། ནགས་གསོ་མཉམ་སྤེལ”བཅས་ཀྱི་སྐྱེ་ཁམས་འཁོར་རྒྱུག་འདེབས་འཛུགས་དང་གསོ་ཚགས་བྱེད་སྟངས་ཤིག་ཆགས་པར་བྱས་ནས་ཐོན་ལས་དཔལ་འབྱོར་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་གྲོང་རྡལ་གྱི་ཞིང་ལས་ལག་རྩལ་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས” ལས་གཏོད་སློབ་ཆེན་སློབ་མ་བཅས་སྒྲིག་འཛུགས་བྱས་ཏེ་ཀརྨ་ཞིང་རར་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ཡོང་འབབ་དམའ་བའི་དུད་ཚང་38ཀྱི་དུད་ཚང་རེའི་རོགས་སྐྱོར་མ་དངུལ་སྒོར་5000བསྡུ་སྒྲིལ་ཧུར་ཐག་བྱས་ཏེ་བསྟོད་ཤོད་གྲོང་ཚོའི་བོད་བྱ་གསོ་ཚགས་རྣམ་གྲངས་འདུན་ཞུ་བྱས་པ་དང་། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མའི་ཅུང་མཐོ་བའི་རིག་གནས་བྱང་ཚད་དང་གསར་གཏོད་ནུས་པར་བརྟེན་ནས། བོད་བྱ་གསོ་ཚགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ནགས་གསེབ་བོད་བྱ་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། མིག་སྔའི་བར་གསོ་ཚགས་རྣམ་གྲངས་དེས་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་3.5བཏོད་པ་དང་ལས་གནས་4མཁོ་སྤྲོད་བྱས་ཡོད་ལ། སྔོན་དཔག་ལྟར་ན། ཡོང་འབབ་དམའ་བའི་དུད་ཚང་38ལ་ཁེ་སྤོགས་སྒོར་ཁྲི་3.8བགོ་འགྲེམས་ཐུབ་རྒྱུ་རེད།