སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི་འཕྲོད་བསྟེན་ཁང་སྤྱོད་འགོ་ཚུགས་པ།
ཁྱིམ་གྱི་སྒོ་རྩར“བདེ་ཐང་སྲུང་མཁན”ཡོད་པ།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུལ་མི་ཚོར་ད་ཆ་རང་ཉིད་ཀྱི“བདེ་ཐང་སྲུང་མཁན”སྟེ་འབྲོག་མ་གྲོང་ཚོའི་འཕྲོད་བསྟེན་ཁང་གསར་རྐྱང་ཞིག་ཡོད་ཅིང་། ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་330ཟིན་པའི་འཕྲོད་བསྟེན་ཁང་དེའི་དཀར་ཆ་དོད་ལ་ཁོར་ཡུག་སྐྱིད་པ་དང་འཐུས་སྒོ་ཚང་བའི་སྒྲིག་ཆས་ཀྱིས་ཡུལ་མི་ཚོའི་སྨན་བཅོས་ལ་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད། ཕྱི་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་ཚང་མ་ཡོད་པ་རེད།
དེ་སྔོན་སྨན་པ་བསྟེན་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས། ཡུལ་མི་ཚོར་མྱོང་ཚོར་ཟབ་མོ་ཡོད་ཅིང་། དེ་སྔ་ནད་གཞི་ཆུང་ངུ་ཕོག་ནའང་དུས་ཚོད་དང་སེམས་ནུས་ཆེན་པོ་བཏོན་ནས་སྨན་ཁང་ཆེན་པོ་ཁག་ཏུ་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་ཀྱི་ཡོད་མོད། ཡིན་ནའང་འབྲོག་མ་གྲོང་ཚོའི་འཕྲོད་བསྟེན་ཁང་སྤྱོད་འགོ་ཚུགས་རྗེས་གནས་ཚུལ་དེ་རིགས་རྦད་དེ་ཐག་གཅོད་ཐུབ་ཡོད། ཡུལ་མི་ཚོར་དེ་བས་ཆེད་ལས་ཀྱི་ནད་བརྟག་སྨན་བཅོས་ཐུབ་ལ། མི་སྒེར་གྱི་ནད་གཞིར་གཞིགས་ནས་ཕྱི་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་སྟངས་གདམ་ག་བྱེད་ཆོག་པས། སྨན་པ་བསྟེན་རྒྱུ་སྟབས་བདེ་རུ་ཕྱིན་ཡོད།
“སྔོན་ཆད་ན་ཚ་ལྟ་བར་སྨན་ཁང་ཆེན་པོར་འགྲོ་དགོས་པས། ལམ་ཐག་རིང་བ་ཨ་ཅང་ཅང་བང་བསྒྲིགས་ནས་སྒུག་དགོས་ཀྱི་ཡོད། ད་ཆ་འཕྲོད་བསྟེན་ཁང་ཡོད་པས་ང་ཚོ་ན་ཚ་ལྟ་བར་ཧ་ཅང་སྟབས་བདེ་རུ་སོང་བ་མ་ཟད། ད་དུང་གྲོང་ཚོའི་སྨན་པའི་ལག་རྩལ་ཡག་པོ་ཡོད་ལ་སེམས་རྩའང་འཁོལ་བས། ང་ཚོ་བློ་ཡིད་ཧ་ཅང་ཚིམ་པོ་འདུག”ཅེས་ཡུལ་མི་སྒྲོལ་མས་དགའ་ཚོར་ཆེན་པོས་བརྗོད།
གྲོང་ཚོའི་སྨན་པས་ན་ཚ་ལྟ་བར་ཡོང་མཁན་ནད་པ་ཚང་མར་ནད་གཞིའི་སྐོར་ངང་རྒྱུད་རིང་པོས་འདྲི་བ་དང་གཟུགས་པོར་བརྟག་དཔྱད་ཞིབ་ཕྲ་བྱས་རྗེས། ན་ཚའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཚན་རིག་དང་ལུགས་མཐུན་གྱི་སྨན་བཅོས་འཆར་གཞི་བཟོ་གི་ཡོད། ཁོང་ཚོས་ཡུལ་མི་ཚོར་སྤུས་ཚད་མཐོ་བའི་སྨན་བཅོས་ཀྱི་ཞབས་འདེགས་ཞུ་བ་མ་ཟད། ད་དུང་བདེ་ཐང་གི་ཤེས་བྱ་དང་ནད་འགོག་གི་བྱ་ཐབས་ཧུར་ཐག་བསླབས་ནས། ཡུལ་མི་ཚོའི་རང་ངོས་ཀྱི་འཕྲོད་སྦྱོར་ནུས་པ་ཆེ་རུ་གཏོང་རོགས་བྱེད་ཀྱི་ཡོད།
འབྲོག་མ་གྲོང་ཚོའི་འཕྲོད་བསྟེན་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྨན་བཅོས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་སོང་བའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། འབྲོག་མ་གྲོང་ཚོས་ གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པའི་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། སྨན་བཅོས་ཀྱི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཡུལ་མི་ཚོར་ཁྱིམ་གྱི་སྒོ་རྩ་ནས་དེ་བས་ཆེད་ལས་ལྡན་ལ་ཕན་འབྲས་ཆེ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱེད་རྒྱུ་རེད།