གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་རྒྱུ་དེ་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཁྱོན་སྒོར་དུང་ཕྱུར་6.84བཏང་ནས་གཅིག་སྡུད་ཡུག་སྦྲེལ་དང་སྒྲིག་བཀོད་འཐུས་སྒོ་ཚང་བའི་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་27.37བསྐྲུན་ནས། འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་འཕར་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ས་ཞིང་ས་རྒྱུ་གཤིན་པོར་གྱུར་ནས་འབྲུ་རིགས་ཐོན་འབབ་མགྱོགས་མྱུར་འཕར་ཞིང་། 2019ལོ་ནས་བཟུང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་བརྒྱུད། བསམ་གྲུབ་རྩེ་ཆུས་ཀྱི་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད“གསར་སྒྱུར”བྱས་ཏེ། “ཡུལ་བབ་དང་བསྟུན་ནས་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུ”མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ས་ཞིང་ཆུང་གྲས་དང་མཐོ་དམན་མི་སྙོམས་པའི་ས་ཞིང་དག་ཁོད་སྙོམས་པའི་ས་ཞིང་དང་། གཅིག་སྡུད་ཡུག་སྦྲེལ། སྒྲིག་བཀོད་འཐུས་ཚང་། ཆུ་གྲོན་ཆུང་དང་ཕན་ནུས་ཆེ་བ། འཕྲུལ་ཆས་དང་འཚམ་པའི་ལས་སྒྲུབ། ཞིང་ས་གཤིན་པོ། སྐྱེ་ཁམས་ལེགས་པ། ཐན་ཞོད་གང་རུང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ། ཐོན་འབབ་མང་ལ་བརྟན་པ་བཅས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་ལ་སྒྱུར་བཀོད་བྱས་པས་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ་དང་ས་ཞིང་ས་རྒྱུ་གཤིན་པོར་ཏན་ཏིག་གྱུར་པ་བྱས་ཡོད། མིག་སྔའི་བར་ཁྱོན་ས་རྒྱུ་མུའུ་ཁྲི་15.32ལེགས་འགྱུར་བྱས་པ་དང་། ཞིང་ཆུ་འདྲེན་རྒྱ་མུའུ་ཁྲི་26.54གསར་སྣོན་དང་ལེགས་བཅོས་བྱས་པ། ནས་ཀྱི་སོན་བཟང་ཁྱབ་ཚད་96%ཡན་ཟིན་ཡོད།
“ཞིང་བཟང”གིས“ཐབས་བཟང”ལ་སྐུལ་ཁྲིད་བྱས་ནས་ཞིང་ལས་ཚན་རྩལ་གྱི་ནུས་པ་མངོན་ཞིང་། བསམ་གྲུབ་རྩེ་ཆུས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་པ་བརྒྱུད། “སྦར་མཐིལ་ཙམ་གྱི་ཞིང་ཁ་དང་ཐོན་འབབ་དམའ་བའི་ཞིང་ཁ” “ཡུག་སྦྲེལ་ཞིང་ཁ་དང་གཞི་ཁྱོན་ལྡན་པའི་ཞིང་ཁར”གྱུར་པ་མ་ཟད། ཞིང་འཕྲུལ་ཆེན་པོ་དང་ཚན་རྩལ་གསར་ཤོས་ལ་རང་ནུས་འདོན་སའང་བྱུང་ཞིང་། རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་དང་། རྨོ་མི་དགོས་པའི་ལུད་རྒྱག་འཕྲུལ་འཁོར། མཉམ་འབྲེལ་རྔ་འཕྲུལ་ཆེ་གྲས། བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་སོགས་འཕྲུལ་ཆས་གསར་པ་དང་ལག་རྩལ་གསར་པ་སྔར་བས་བེད་སྤྱོད་ཁྱབ་གདལ་བཏང་བས་ནས་དང་གྲོ་སོགས་ལོ་ཏོག་རྨོ་འདེབས་བསྡུ་གསུམ་གྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་སྤྱིར་ན་གྱུར་ཡོད། མིག་སྔའི་བར། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་པ་བརྒྱུད། ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་85%ཡན་དུ་མཐོ་རུ་ཕྱིན་པ་དང་རྨོ་འདེབས་བསྡུ་གསུམ་གྱི་སོ་ནམ་ཉིན་གྲངས་སྔོན་ཆད་དང་བསྡུར་ན་ཉིན་10ནས་15བར་ཐུང་དུ་ཕྱིན་ནས་སོ་ནམ་གྱི་ལས་ཆོད་དང་ཕན་འབྲས་ཆེ་རུ་ཤུགས་ཆེན་སོང་ཞིང་། ས་ཞིང་ཁོད་སྙོམས་པ་དང་གཅིག་སྡུད་ཡུག་སྦྲེལ་གྱི་ཚད་གཞི་མཐོ་བའི་ས་ཞིང་དང་ཕན་འབྲས་ཆེ་ལ་རིག་ནུས་ཅན་གྱི་ཞིང་ལས་ཚན་རྩལ་གཉིས་ཀར་ཕན་འབྲས་ཐོན་ཡོད།
“ཐབས་བཟང”གིས“འབབ་འཕར”ལ་སྐུལ་འདེད་བཏང་ནས“ཕྱུག་འགྱུར་གྱི་ཞིང་ར”ཧུར་ཐག་བཏོད་ཅིང་། ཞིང་དུད་ཆུང་གྲས་ཀྱི་སྣེ་ཁྲིད་དེ་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དམིགས་ཚད་གཙོ་བོར་བྱས་ནས། ཚད་གཞི་མཐོ་བའི་ས་ཞིང་ལ་འཕྲུལ་ཆས་ཅན་གྱི་གཅིག་སྡུད་སོ་ནམ་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ཚབ་གཉེར་ཞབས་ཞུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཞིང་པའི་ངལ་ནུས་བཅིངས་འགྲོལ་དང་འདེབས་འཛུགས་མ་གནས་གྲོན་ཆུང་ཤུགས་ཆེན་བཅས་བྱས་ཏེ། མང་ཚོགས་ཕྱིར་གླ་པར་བསྐྱོད་ནས་ཡོང་འབབ་གསོག་པ་དང་ཐག་ཉེ་ས་ནས་ལས་ཀ་བྱས་ཏེ་ཡོང་འབབ་གསོག་པར་ཆ་རྐྱེན་བསྐྲུན་ཡོད། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་རིང་། ས་ཞིང་བརྒྱུད་བཤུག་དང་། ཚབ་གཉེར་ཞབས་ཞུ། རྣམ་གྲངས་སྐུལ་ཁྲིད། འཕྲུལ་ཆས་བོགས་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་སྲོལ་རྒྱུན་གྱི་རྐྱང་རྒྱུག་རྐྱང་འཐབ་ནས་དེང་རབས་ཀྱི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་སུ་འགྱུར་བར་ཁྲིད་སྟོན་བྱས་པ་དང་། སྔོན་ཆད་གནམ་ཆུ་ཁོ་ནར་བརྟེན་དགོས་པའི་ས་ཞིང་དག་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི“ནོར་གཞོང”དུ་གྱུར་ཡོད། མིག་སྔའི་བར། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་པ་བརྒྱུད། ངལ་ནུས་མི་ཐེངས་ཁྲི་3.3ལྷག་ཙམ་དང་རྨོན་ཕྱུགས་མགོ་གྲངས་5500ལྷག་ཙམ་ལ་བཅིངས་འགྲོལ་བཏང་བ་མ་ཟད་ས་ཞིང་མུའུ་ཁྲི་13ལྷག་ཙམ་ཚབ་གཉེར་བརྒྱུད་བཤུག་བཏང་བས། རིམ་རྩིས་བརྒྱབ་ན་ཞིང་པར་འབབ་འཕར་སྒོར་དུང་ཕྱུར་1.9ཡོང་བར་སྐུལ་ཁྲིད་བྱས་པ་རེད།