ཞིང་ལས་ཐོན་རྫས་དྲ་ཐོག་ནས་འཚོང་བའི“ཐོག་མའི་འགག་གནད”དང་འཛད་རྫས་དྲ་ཐོག་ནས་ཉོ་བའི“མཐའ་མའི་འགག་གནད”བསལ་བ།
ལྷོ་ཁ་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་ཚང་མར་སྦྲག་བསྐུར་ཟོག་འགྲེམས་ཞབས་ཞུ་ཁྱབ་པ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས《གྲོང་གསེབ་ཀྱི་སྦྲག་བསྐུར་ཟོག་འགྲེམས་མ་ལག་འཛུགས་སྐྱོང་གི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2023ལོ་ནས་2025ལོ་བར)》ཡི་དམིགས་ཚད་ལས་འགན་ལོ་གཅིག་སྔ་སྣུར་དུ་ལེགས་སྒྲུབ་བྱས་ཏེ། སྲིད་འཛིན་གྲོང་ཚོར་ཐད་ཀར་འབྱོར་བ་དང་རང་བྱུང་གྲོང་ཚོར་ཁྱབ་པའི་མྱུར་སྐྱེལ་ཟོག་འགྲེམས་མ་ལག་བཙུགས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་མྱུར་སྐྱེལ་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་པ་མ་ཟད། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་དང་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོའང་སྐོང་ཐུབ་པ་བྱུང་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་ཏང་དམངས་ཞབས་ཞུ་ལྟེ་གནས་དང་གྲོང་ཚོ་ཨུ་ལྷན་ལ་བརྟེན་ནས་གྲོང་གསེབ་ཀྱི་ད་ཡོད་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ“གྲོང་ཚོ་རེར་ས་ཚིགས་རེའི”འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་གྲོང་གསེབ་ཀྱི་སྦྲག་བསྐུར་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་701གསར་དུ་བསྐྲུན་པས་སྲིད་འཛིན་གྲོང་ཚོ་ཁག་དང་། དགོན་སྡེ་དོ་དམ་ཨུ་ལྷན། བཅའ་སྡོད་དཔུང་སྡེ། མཐའ་མཚམས་གྲོང་ཚོ(སློབ་ཁྲིད་ས་ཚིགས)བཅས་དང་དེ་བཞིན་གཙོ་གནད་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་ཀྱི་བཅའ་སྡོད་ས་ཚིགས་ཡོངས་ལ་ཁྱབ་ཡོད། མྱུར་སྐྱེལ་ཁེ་ལས་9གྲོང་གསེབ་ཀྱི་སྦྲག་བསྐུར་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་སུ་བཅའ་སྡོད་བྱས་ཡོད། ཐུམ་སྒྲིལ་ཐོག་གི“རྩ་གཉིས་ཨང་རྟགས་བཤེར་ནས་བསྐུར་བའི”ཚོད་ལྟའི་ཞབས་ཞུ་སྤེལ་བས་ཞིང་འབྲོག་མང་ཚོགས་གྲོང་ཚོ་ནས་དོན་མི་དགོས་པར་དྲ་ཐོག་ནས་ཅ་དངོས་ཉོ་ཐུབ་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོར་ལྷོ་ཁ་གྲོང་ཁྱེར་གྱིས་སྦྲག་ཐོག་བསྐུར་མ་སྐྱེལ་སྤྲོད་བྱེད་ཚད་ཁྲི་937.12ཟིན་ནས་ལོ་གོང་མ་ལས་46.07%འཕར་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་རྫོང(ཆུས་དང་གྲོང་ཁྱེར)ནས་སྲིད་འཛིན་གྲོང་ཚོར“ཉིན་དེ་རང་དུ་འབྱོར་བའི”བསྐུར་ཐབས་དང་སྲིད་འཛིན་གྲོང་ཚོ་ནས་རྫོང(ཆུས་དང་གྲོང་ཁྱེར)དུ་ཐད་ཀར་བསྐུར་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཞིང་ལས་ཐོན་རྫས་དྲ་ཐོག་ནས་འཚོང་བའི“ཐོག་མའི་འགག་གནད”དང་འཛད་རྫས་དྲ་ཐོག་ནས་ཉོ་བའི“མཐའ་མའི་འགག་གནད”བསལ་ཡོད། “བསྐུར་མ་ཆུང་གྲས་དང་ཉུང་གྲས་སྤྱི་སྤྱོད་རླངས་འཁོར་གྱིས་སྐྱེལ་བ་དང་བསྐུར་མ་ཆེ་གྲས་དང་མང་གྲས་སྦྲག་བསྐུར་བྱེད་པའི”བསམ་ཕྱོགས་ལ་གཞིགས་ནས“ཆུང་མྱུར་བདེའི”འགྲུལ་སྐྱེལ་སྔོན་མངགས་དང“ཁ་པར་ནས་མངགས་པའི”ཞབས་ཞུ་ལག་བསྟར་བྱས་པ་དང་། “འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས་འཕེལ་རྒྱས”དང“སྦྲག་བསྐུར་དང་མྱུར་སྐྱེལ་མཉམ་ལས”ཀྱི་ལེགས་ཆ་གསབ་རེས་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་འགྲིམ་འགྲུལ་ཕྱིར་སྐྱོད་དང་། ཟོག་འགྲེམས་སྡེབ་སྐྱེལ། སྦྲག་སྲིད་བསྐུར་སྐྱེལ་བཅས་ཀྱི“མཐའ་མའི་འགག་གནད”བསལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷོ་ཁ་གྲོང་ཁྱེར་ཡོངས་སུ“འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས་འཕེལ་རྒྱས”ཀྱི་དཔེ་སྟོན་ལམ་ཐིག་18ཤར་གཏོང་བྱས་ནས་རླངས་འཁོར་40མངགས་ཏེ་རྫོང་རིམ་པའི་སྐྱེལ་འདྲེན་ཞབས་ཞུ་ས་ཚིགས་12དང་། ཤང་རིམ་པའི་སྐྱེལ་འདྲེན་ཞབས་ཞུ་ས་ཚིགས་21 གྲོང་ཚོ་རིམ་པའི་སྐྱེལ་འདྲེན་ཞབས་ཞུ་ས་ཚིགས་102བཅས་བཏོད་ཅིང་རིམ་རྩིས་བྱས་ན་མྱུར་སྐྱེལ་བསྐུར་མ་ཁྲི་4.66ཟིན་ཡོད།