དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཁྱད་ལྡན་ཐོན་ལས་འབྲས་བཟང་སྨིན། ཕྱུག་འགྱུར་ལམ་བུར་གོམ་སྟབས་བརྟན།

    བོད་ཀྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2025-01-05

    གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁང་གཞུང་ཤང་གིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རྣམ་པར་བརྟེན་ནས་གཡག་ཐེར་འཁེལ་འཐག་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་གོང་འཕེལ་བཏང་སྟེ། མཐའ་འཁོར་ཤང་དང་གྲོང་རྡལ་གྱི་མང་ཚོགས་ཞུགས་པར་སྐུལ་ཁྲིད་ཧུར་ཐག་བྱས་པ་དང་། 2023ལོར་ཐོན་སྐྱེད་རིན་ཐང་སྒོར་ཁྲི་2000ཟིན་ནས་ཞིང་པ་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། འདི་ནི་ལས་མིས་ཐེར་མ་འཐག་བཞིན་པ།

    ཞིང་འབྲོག་ལས་དེང་རབས་ཅན་གྱི་ཕྱོགས་སུ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། མི་རིགས་ལག་ཤེས་བཟོ་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ། རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཐོན་ལས་དང་པོ་རྨང་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་འཁོར་འབྲེལ་དེ་ཐོན་ལས་གཉིས་པ་དང་གསུམ་པར་སྣུར་སྲིང་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཐོན་ལས་ཁག་གསུམ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་གཞོལ་བ། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་པ་བཅས་ལ་བརྟེན་ནས་ཐོན་ལས་དང་པོ་སྔར་བས་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྔར་བས་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་སྔར་བས་རིམ་སྤོར་བཅས་བྱས་ཏེ། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་ཅིག་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ཧུར་ཐག་ཆགས་པར་བྱས་ཡོད།

    གྲངས་གཞི་ལས་མངོན་པར། ན་ནིང་ཚུན་དུ་བོད་ཀྱི་དཔལ་འབྱོར་གྱི་འཕེལ་ཕྱོགས་བཟང་པོ་ཡོད་ཅིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1785.74ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་6.2%འཕར་བ་དང་། ཡུལ་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21777ཟིན་ནས་དུས་མཚུངས་ལས་8.1%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་139.13ཟིན་ནས་14.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་739.79ཟིན་ནས་10.9%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་906.82ཟིན་ནས་2.5%འཕར་བ་བཅས་རེད།

    ཞིང་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།

    “ནས་ཀྱིས་མེན་པའོ་བཟོ་ཐུབ་བམ། སྣ་འཛོམས་ཐུག་པ་བཟོ་ཐུབ་བམ” བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་ལྕང་ར་གྲོང་ཚོའི་གྲོང་མི་སྐལ་བཟང་མི་ཚེ་ཕྱེད་ཀ་ཙམ་ཞིང་ལས་བྱས་ཀྱང་ནས་འབྲུ་ནི་རང་ཁྱིམ་ལ་འབབ་འཕར་ཡོང་བའི་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུར་གྱུར་ཡོང་བསམ་མྱོང་མེད། “དེ་སྔ་ནས་བཏབ་པ་མང་ཆེ་བ་རང་ཁ་རང་གསོ་བྱ་ཆེད་རེད། ད་ཆ་བཏབ་པའི་ནས་མང་ཆེ་བ་ནས་ཀྱི་ཏན་ཞིམ་དང་ནས་ཀྱི་མེན་པའོ་སོགས་བཟོ་ཐུབ་ནས་ཐོན་རྫས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཕྱིར་ཚོང་ཐབས་ལམ་ཡངས་སུ་ཕྱིན་པ་མ་ཟད། ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད”ཅེས་བཤད།

    2024ལོའི་ཟླ་8པར། ནས་ཞིབ་འཇུག་ཀུང་སིས་ནས་འབྲུའི་ཆེད་སྤྱོད་ཐོན་སྐྱེད་འཁོར་ཁང་ཞིག་རྒྱལ་རྩེ་རྫོང་དུ་བཙུགས་པས། ནས་ཕྱེ་བཟོ་བའི་ཆེད་སྤྱོད་ཐོན་སྐྱེད་བྱ་ཡུལ་མེད་པའི་སྟོང་ཆ་བསྐངས་ཡོད། ཐོན་སྐྱེད་འཁོར་ཁང་གསར་པ་དེ་སྤྱོད་འགོ་ཚུགས་རྗེས་ལོ་རེར་ནས་ཕྱེ་སྤུས་དག་ཐོན་འབབ་ཏུན་ཁྲི་1.3ལྷག་ཙམ་དང་མེན་པའོ་བཟོ་བྱེད་ཀྱི་སྔོན་སྦྱོར་གྲོ་ཞིབ་ཏུན་ཁྲི་2.6ཐོན་སྐྱེད་ཐུབ་པ་དང་ཡོངས་རྫོགས་སྤྱོད་འགོ་ཚུགས་རྗེས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་3ལྷག་ཙམ་ཟིན་རྒྱུ་རེད།

    ད་ཆ། རྒྱལ་རྩེའི་ནས་ཀྱི་བཟའ་བཅའ་སྣ་ཁ་40ལྷག་ཙམ་ཡོད་ཅིང་། རྒྱལ་རྩེ་རྫོང་དུ་དུད་ཚང་ཆུང་གྲས་ཀྱི་འདེབས་འཛུགས་དང་། གཅིག་སྡུད་ཉོ་སྒྲུབ། ཚད་ལྡན་ཐོན་སྐྱེད། གཅིག་གྱུར་ཕྱིར་ཚོང་བཅས་ཀྱི་ཐོན་ལས་འཁོར་འབྲེལ་བསྐྲུན་ནས“ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སེ་ཆེན་ཤང་གི་ཤང་ཀྲང་ངག་བསྟན་གྱིས“དེ་སྔ་སྲོལ་རྒྱུན་གྱི་འབྲོག་ལས་ནི་ང་ཚོའི་འབབ་ཁུངས་འབའ་ཞིག་དེ་རེད”སྲོལ་རྒྱུན་འབྲོག་ལས་ཀྱི་ཐོན་འབབ་དམའ་བའི་ཁར་མི་འབོར་ཁ་ཐོར་དུ་གནས་པ་དང་ཕྱིར་ཚོང་གི་ཐབས་ལམ་ཉུང་བས། འབྲོག་པའི་འབབ་འཕར་ཐད་དཀའ་ངལ་འཕྲད་ཀྱི་ཡོད། 2017ལོར་སེ་ཆེན་ཤང་གིས་ཤང་ཡོངས་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་སྙན་རོང་རྫོང་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་བསྐྲུན་ཏེ་ཕྱུག་འགྱུར་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ་རེད་ཅེས་བརྗོད།

    མཉམ་ལས་ཁང་དུ་ལས་ཀར་འགྲོ་བཞིན་པའི་འབྲོག་པ་རྒྱལ་མཚན་འོད་ཟེར་གྱི་ཁྱིམ་དུ་ནོར་གནག་མགོ་གྲངས་10ལས་མེད། “དེ་སྔ་ནང་མི་ཚང་མའི་འཚོ་རྟེན་ནི་འབྲི་གཡག་འདི་དག་རེད”ཅེས་རྒྱལ་མཚན་འོད་ཟེར་གྱིས་བཤད། མཉམ་ལས་ཁང་བཙུགས་རྗེས་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འབྲི་གཡག་དེ་དག་མཉམ་ལས་ཁང་གི་མ་རྐང་ལ་བཞག་པ་དང་། མཉམ་ལས་ཁང་གིས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གསོ་ཚགས་བྱས་པས་ཡོང་འབབ་དེ་སྔ་ལས་མང་བ་བྱུང་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། 2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་རིང་བོད་ཀྱི་ལྗོངས་ཡོངས་སུ་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་184.42ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་14.8%འཕར་ཡོད། 2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་རིང་ཕག་པ་དང་། འབྲི་གཡག ལུག་བཅས་མགོ་གྲངས་ཁྲི་147.85བཤས་བཏང་བ་དེ་48.6%འཕར་ཡོད། ཤ་སྒོང་འོ་གསུམ་གྱི་ཐོན་འབབ་ཏུན་ཁྲི་48.78ཟིན་ཏེ་23.4%འཕར་ཡོད། དེའི་ནང་ཕག་པ་དང་། འབྲི་གཡག ལུག་བཅས་ཀྱི་ཤའི་ཐོན་འབབ་ཏུན་ཁྲི་8.04ཟིན་ནས་41.8%འཕར་ཡོད།

    སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་ལས་ལ་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་པ།

    “རྒྱལ་རྩེའི་སྣམ་བུ”ནི་ལོ་ངོ་2000གི་ལོ་རྒྱུས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཤིག་ཡིན་ཞིང་། སྤྱིར་ན་རང་ས་རང་ཡུལ་ནས་རྒྱུ་ཆ་བླངས་པ་ཡིན་ཏེ་ལུག་གི་སྐེ་མཇིང་འོག་གི་ཝེ་སྨི་14.3ནས་14.9བར་གྱི་བལ་འཇམ་རྩ་ཆེན་རྒྱུ་ཆར་བྱས་ནས་གཙང་འཁྲུད་དང་། བལ་གསེད། ཚོས་རྒྱག འཁེལ་བ། བསླས་འཐག་སོགས་ཐེངས་མང་བྱས་པ་བརྒྱུད་གཞི་ནས་ཚོན་མདོག་རྣམ་པར་བཀྲ་བ་དང་རི་མོ་ཕུན་སུམ་ཚོགས་པའི་སྣམ་བུའི་ཐོན་རྫས་སུ་འགྱུར་གྱི་ཡོད། 2023ལོར་ཧྲང་ཧའེ་ཡི་བོད་སྐྱོར་ལས་དོན་རུ་ཁག་གིས་ཀུའོ་ཤིའུ་ལིང་གིས་སྣེ་ཁྲིད་པའི་ཧྲ་ཅོན་སྤུས་རྟགས་ནང་འདྲེན་བྱས་ཏེ“ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་བརྒྱུད་སྣམ་བུ་བཟོ་བའི“མདུན་ཕྱོགས་ཚོང་ཁང་དང་རྒྱབ་ཕྱོགས་བཟོ་ཁང”གི་བྱེད་སྟངས་བཏོད་པས་ཡུལ་དེ་གའི་བོད་རིགས་བུད་མེད་30ཙམ་སྒོ་འགྲམ་དུ་ལས་ཞུགས་ཐུབ་ཡོད།

    ཀུའོ་ཤིའུ་ལིང་ཚོགས་པས་རྒྱུ་ཆ་གསར་པ་ཞིབ་སྤེལ་དང་། བཟོ་ལྟ་གསར་པ་ཇུས་འགོད། ཐགས་ཁྲི་སྒྱུར་བཀོད་སོགས་བྱས་པ་བརྒྱུད་རིམ་སྤོར་རྗེས་ཀྱི་སྣམ་བུའི་ཐོན་རྫས་ལ་བོད་རིགས་ཀྱི་སྲོལ་རྒྱུན་བསླས་འཐག་གི་ཁྱད་ཆོས་སོར་འཇོག་བྱས་ཡོད་པ་མ་ཟད། ཐོན་རྫས་ཀྱི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་པ་དང་འབྲེལ་སྟོད་ལྷེ་དང་། སྐེ་དཀྲིས། རྒྱབ་སྙེས་སོགས་ཐོན་རྫས་སྣ་མང་གསར་སྤེལ་བྱས་པས་འཛད་སྤྱོད་པ་སྔར་བས་མང་པོའི་དགའ་བསུ་ཐོབ་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་མི་རིགས་རིག་གནས་ཀྱི་ནང་དོན་སྔོག་འདོན་གང་ལེཌ་བྱས་ཤིང་། ཁྲོམ་རའི་དགོས་མཁོ་སྣ་མང་ཅན་དང་འཚམ་པ་ཁྲིད་སྟོན་དུ་བྱས་ནས་བོད་རུམ་དང་། བོད་བཟོའི་འཁལ་འཐག་ཐོན་རྫས། གཟིམ་སྤོས། ཐང་ག བོད་བཟོའི་ཁྱིམ་ཆས། མི་རིགས་ཀྱི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་སོགས་ཀྱི་ཐོན་ལས་གཙོ་གནད་དུ་འཕེལ་རྒྱས་བཏང་བ་དང་། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་ཡུལ་སྐོར་ཚོང་ཟོག་ཏུ་འགྱུར་བར་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་བཏང་བ་མ་ཟད། དེང་རབས་ལག་རྩལ་གྱི་སྒྲིག་ཆས་ནང་འདྲེན་དང་ཁྱབ་གདལ་བེད་སྤྱོད་བྱེད་ཚད་རིམ་བཞིན་ཆེ་རུ་བཏང་བ་དང་། ཐོན་རྫས་གསར་གཏོད་དང་། བཟོ་རྩལ་གསར་གཏོད། ཚོང་གཉེར་བྱེད་སྟངས་གསར་གཏོད་སོགས་འགག་རྩའི་ལྷུ་ཚིགས་ལ་ཤུགས་སྣོན་བརྒྱབ་ནས་གསར་གཏོད་ཁྲོད་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བར་བྱས་ཡོད།

    རིག་གནས་ཡུལ་སྐོར་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་བཏང་བ།

    དགུན་དུས་ཀྱི་བོད་ལྗོངས་སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོ་ནས་ལྷིང་འཇགས་དང་རྔམ་བརྗིད་ལྡན་པའི་ཉམས་བཟང་མངོན། ཐག་རིང་གི་གནམ་ལྕགས་འབར་བ་ནི་ལོ་འཁོར་མོར་རབ་དཀར་ཁ་བས་གཡོགས་པ་དང་རྟག་ཏུ་དར་དཀར་ལྟ་བུའི་སྨུག་པས་ཀྱང་བཀླུབས་པར་བརྟེན། རི་བོ་ཆེན་པོའི་རི་རྩེ་མངོན་རྒྱུ་ནི་དཀའ་ཙམ་ཡོད་ཀྱང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་འཕྲོག་ནས་དེ་གར་ཡོང་གི་ཡོད། ཟུར་གསུམ་གྲོང་ཚོའི་མཐའ་འཁོར་དུ་གདོད་མའི་ནགས་ཚལ་སྟུག་པོ་ཡོད་པ་དང་དགུན་དུས་ཀྱི་ནགས་ཚལ་དུ་དབྱར་དུས་ཀྱི་སྔོ་ལྗང་མཛེས་སྡུག་མེད་ཀྱང་ལྗོན་ཤིང་གི་རྔམ་བརྗིད་ལྟ་ན་སྡུག གྲོང་ཚོའི་འདབས་ཀྱི་ཡར་ཀླུང་གཙང་པོ་ལྷུང་ལྷུང་དུ་བཞུར་བ་དང་། གངས་རི་དང་ནགས་ཚལ་ལས་ལྟ་ན་སྡུག་པའི་རི་མོ་ལྟ་བུ་ཞིག་གྲུབ་ཡོད།

    ལོ་43ལ་སླེབས་པའི་འགྱུར་མེད་རྡོ་རྗེས་གྲོང་ཚོའི་ནང་མགྲོན་ཁང་ཞིག་གཉེར་ཡོད་ཅིང་། ཁོང་གིས“དེ་སྔ་ས་རྡོའི་ལམ་ཡིན་པ་དང་ཟམ་པ་མེད་པས་རླངས་འཁོར་སྐྱོད་ཐུབ་ཀྱི་མེད། གྲོང་ཚོའི་ནང་འགྲོ་དགོས་ན་ཆུ་བརྒལ་དགོས་པས་ཉེན་ཁ་ཆེན་པོ་ཡོད། ཆུ་དང་གློག་སྤྱོད་རྒྱུ་ཡང་སྟབས་བདེ་པོ་མེད། གྲོང་ཚོ་ཡོངས་སུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ཀྱང་དེ་གར་ཡོང་མཁན་ཧ་ཅང་ཉུང་། འདེབས་འཛུགས་དང་གསོ་ཚགས་ལས་རིགས་ནི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཡིན་པས་འཚོ་བ་ཧ་ཅང་ཁག་པོ་ཡོད”2014ལོར་ཡར་ཀླུང་གཙང་པོའི་ཟམ་ཆེན་བསྐྲུན་རྗེས་ཡུལ་སྐོར་བ་ཟུར་གསུམ་གྲོང་ཚོར་སྐྱོད་སྐབས་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད། ང་ཚོའི་ཁྱིམ་ཚང་མགྲོན་ཁང་དེ་དེ་སྔའི་ཉལ་ཁྲི་ཁ་ཤས་ནས་ད་ཆའི་ཁང་མིག་33བར་མང་དུ་བཏང་ཡོད། ཆུ་དང་། གློག དྲ་རྒྱ་བཅས་གང་དགོས་ཅི་འཛོམས་ཡིན་པས་ཚོང་ཧ་ཅང་ཡག་པོ་བྱུང་སྟེ་2024ལོར་མགྲོན་ཁང་ལ་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་བྱུང་ཞེས་བཤད།

    འགྱུར་མེད་རྡོ་རྗེའི་མགྲོན་ཁང་ནི་2017ལོར་གཉེར་འགོ་བཙུཌ་པ་རེད། ཁོང་གིས“མགྲོན་ཁང་ལ་སྐབས་དེ་དུས་མ་དངུལ་སྒོར་ཁྲི་300ལྷག་ཙམ་བཏང་བའི་ནང་གི་ཕྱེད་ཀ་ནི་དངུལ་ཁང་གི་དངུལ་བུན་ཡིན། མིག་སྔར་དངུལ་བུན་སྤྱིར་ན་འཇལ་ཚར། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་ང་རང་གི་གདེང་ཚོད་ཀྱང་འཕེལ་སོང”ཞེས་བཤད།

    “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། བོད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་201.6དོན་འཁྱོལ་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་། རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོང་སྒྲིག་བཀོད། ལོ་རྒྱུས་གྲོང་ཁྱེར་དང་གྲོང་རྡལ་སྲུང་སྐྱོང་ལེགས་གཏོང་། འགྲིམ་འགྲུལ་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱད་ནས་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོའི་ཟླ་དང་པོ་ནས་དགུ་པའི་བར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5700ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15%འཕར་བ་དང་། བོད་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་89ཙམ་ཟིན་པའི་ཁར། ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་670.55ཟིན་པ་དེ་དུས་མཚུངས་ལས་13%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།