དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་ལྗོངས་ནག་ཆུའི་འབྲོག་ཟོག་ཚོང་འདུས།

    དྲ་གྲགས་ཀྱི་དྲ་ཐོག་ཚོང་གཉེར་ལས་བོད་བྱང་ཐང་གི་ཐོན་རྫས་རྒྱལ་ཡོངས་ལ་ཁྱབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-01

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་གྲུབ་འབྲས་འགྲེམས་སྟོན་སྐབས་གསུམ་པ་དང་འབྲོག་ཟོག་ཚོང་འདུས་སྐབས་བཅུ་བདུན་པའི་ཐོག་འབྲོག་ཟོག་སྣ་ཁ་འཛོམས་ཤིང་། དེའི་ནང་བལ་གྱི་ཐོན་རྫས་དང་། ཚགས་ཤ་སྐམ་པོ། བྱང་ཐང་གི་ཨ་བི་ཁ། དབྱར་རྩྭ་དགུན་འབུ། དཀར་ཆུའི་ཐོན་རྫས་བཅས་གང་དགོས་ཚང་མ་ཡོད་པས། ཚང་མས་དགའ་སྤྲོའི་ངང་རང་ལ་མཁོ་བའི་ཚོང་ཟོག་འདེམས་བཞིན་ཡོད།

    དེ་སྔ་དང་མི་འདྲ་བ་ནི་2024ལོའི་ཚོང་འདུས་ཐོག་དྲ་གྲགས་ཀྱི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད། ཁོང་ཚོས་ཐད་གཏོང་ལས་སྟེགས་བརྒྱུད་ཐོན་རྫས་དུས་ཐོག་ཏུ་འགྲེམས་སྟོན་དང་། ལྟད་མོ་བ་དང་མཉམ་འགུལ། ཐོན་རྫས་བཟོ་རྩལ་དང་རིག་གནས་ཀྱི་རྒྱབ་ལྗོངས་ངོ་སྤྲོད་བཅས་བྱས་ཏེ་ལེ་དབར་སྟོང་གིས་ཆོད་པའི་འཛད་སྤྱོད་པར་ནག་ཆུའི་ཡུལ་སྲོལ་གོམས་གཤིས་ཤེས་ཚོར་ཐུབ་པ་བྱེད་ཀྱི་ཡོད། དར་སོ་ཆེ་བའི་བྲིན་ཚོང་བྱེད་སྟངས་དེ་རིགས་ཀྱིས་ན་གཞོན་འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་ཡོད་པ་དང་། ཁོང་ཚོས་ཐོན་རྫས་ཉོ་བ་མ་ཟད། ད་དུང་ཐད་གཏོང་བརྒྱུད་ནག་ཆུའི་གནས་ཚུལ་དེ་བས་མང་བ་ཤེས་རྟོགས་བྱས་པས། བོད་བྱང་ཐང་གི་རིག་གནས་ལ་མོས་སེམས་དང་དགའ་པོ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

    “བྱེད་སྒོ་དེ་རིགས་སྤེལ་བ་བརྒྱུད། ཕྱི་ཕྱོགས་ཀྱིས་ནག་ཆུའི་འབྲོག་ཟོག་ལ་རྒྱུས་མངའ་ལོན་པ་མ་ཟད། ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་ཡང་སྐུལ་མ་ཐེབས་པ་དང་ཆབས་ཅིག ཚོང་འདུས་ཀྱིས་ད་དུང་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་མཁས་ཅན་མང་པོའི་ཡིད་དབང་བཀུག་སྟེ། ནག་ཆུའི་འབྲོག་ཟོག་དང་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱུང་ནས་སླད་ཕྱིན་གྱི་མཉམ་ལས་དང་སྤེལ་རེས་ལ་རྨང་གཞི་ཡག་པོ་ཞིག་བཏིང་ཡོད”ཅེས་གསེར་རྙེད་ཆུས་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ནོར་བུ་ཚེ་རིང་གིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། གསེར་རྙེད་ཆུས་ཀྱི་ཆེད་ལས་དྲ་ཐོག་ཚོང་དོན་གྱི་སྙན་སྒྲོན་པ་གཙོ་བོ་10དང་སྤྱི་ཚོགས་ཐོག་གི་སྒེར་གྱི་སྨྱན་སྦྱོར་གྱི་དྲ་གྲགས་20ལྷག་ཙམ་ད་རེས་ཀྱི་ཚོང་འདུས་ཐོག་སྐད་གྲགས་ཆེ་རུ་ཕྱིན་ཡོད། 2024ལོའི་ཟླ་12ཚེས་20ཉིན་གྱི་ཚོང་འདུས་འགོ་ཚུགས་མཛད་སྒོ་ཁོ་ནར་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་4789.27ཟིན་པ་དང་། ཐོན་རྫས་དེ་དག་ནག་ཆུའི་ཚགས་ཤ་དང་། དཀར་ཆུའི་ཐོན་ཟོག པགས་རིགས། ཞིང་ལས་ཐོན་ཟོག བོད་སྨན་རྒྱུ་ཆ། མི་རིགས་ལག་ཤེས་ཐོན་རྫས་སོགས་དང་འབྲེལ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།