དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • རང་ལྗོངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

    ​གྲོང་གསེབ་དར་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་ཚོའི་ཡུལ་མི་བསྟན་འཛིན་གྱིས། གྲོང་ཚོར་གཞུང་ལམ་བསྐྲུན་པས། ཆུ་ཚན་རྒྱག་པར་ཡོང་མཁན་དེ་སྔ་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་འདུག“དེ་སྔ་གཞིས་རྩེ་གྲོང་ཁུལ་ནས་ང་ཚོའི་འདི་གར་ཆུ་ཚོད་གསུམ་བཞི་ཙམ་འགོར་གྱི་ཡོད། ད་ཆ་ཆུ་ཚོད་གཅིག་ལྷག་ཙམ་ནང་སླེབས་ཀྱི་ཡོད”ཅེས་བཤད།

    ལྗོངས་ཡོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”བསྐྲུན་པ་བརྒྱུད། ཆབ་ཁ་གྲོང་ཚོ་དང་འདྲ་བའི་ཐག་རིང་ལུང་ཁུག་ཏུ་གནས་པའི“ནོར་མཛོད”གྲོང་ཚོས་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་ཕྱིན་པ་མ་ཟད། ད་དུང་ཡུལ་མི་དང་ཡུལ་སྐོར་བར་སྤྲོ་གསེང་གི་གནས་མཆོག་ཅིག་ཀྱང་མཁོ་འདོན་བྱས་ཡོད་པ་རེད། བོད་དུ་གྲོང་གསེབ་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་9.3ཡོད་པ་དེས་གཞི་རིམ་གྲོང་གསེབ་ཀྱི་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་ནས་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད།

    ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུའི”ལས་དོན་ལ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། ལོ་ལྔའི་གོང་། བཞད་མཐོང་སྨོན་རྫོང་གིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུའི”རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། “གཞུང་ལམ་ཤར་གཏོང་ཐུབ་པ་དང་མི་སེམས་མཐུན་ན་གཞི་ནས་འཕེལ་རྒྱས་འགྲོ་ཐུབ། གྲོང་གསེབ་གཞུང་ལམ་ལེགས་སུ་ཕྱིན་པས། བཞད་མཐོང་སྨོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པའང་དེ་དང་བསྟུན་ནས་གསར་རྐྱང་དུ་གྱུར་ཡོད”ཅེས་བཞད་མཐོང་སྨོན་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཕིང་གིས་བཤད། ལམ་བུ་ཤར་གཏོང་ཐུབ་པ་དང་མི་སེམས་མཐུན་ན་གཞི་ནས་ལས་རིགས་སྣ་ཚོགས་དར་རྒྱས་འགྲོ་སྲིད། ན་ནིང་བཞད་མཐོང་སྨོན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་20.66ཟིན་པ་དེ་2016ལོ་ལས་ལྡབ་གཉིས་ཙམ་འཕར་ཡོད།

    ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ལམ་བུ་ཡག་པོ་སྐྲུན་པ་དང་། དོ་དམ་ཡག་པོ། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱ་ཆེད། ཉེ་བའི་ལོ་བཅུའི་རིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན། འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་1215.24བཏང་སྟེ་སྲིད་འཛིན་གྲོང་ཚོ་3682ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཐབས་བྱས་པ་དང་སྲིད་འཛིན་གྲོང་ཚོར་ལམ་བུ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། 2023ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ལམ་བུའི་ལམ་ཐག་སྤྱི་ལེ་ཁྲི་9.3ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཉེན་ཡོད་ཟམ་པ་442སྒྱུར་བཀོད་དང་བདེ་འཇགས་དང་ཚེ་སྲོག་འགོག་སྲུང་གི་ལས་གྲྭ་སྤྱི་ལེ་ཁྲི་2.31ལག་བསྟར་བྱས་ཡོད་པ་རེད།

    “ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”བསྐྲུན་པ་དེས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ཐད་ཀར་ཡོང་འབབ་སྒོར་དུང་ཕྱུར་28བྱུང་བ་དང་། གྲོང་གསེབ་གཞུང་ལམ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་མི་གྲངས་ཁྲི་11.88བཀོད་སྒྲིག་བྱས་ནས་བོད་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།