དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་དབུ་མཐོང་གྲོང་ཚོའི་ཁོར་ཡུག་གཙང་བ་དང་། ཡུལ་ལྗོངས་མཛེས་པ། ཡུལ་མི་འཆམ་མཐུན་བཅས་ཡོད་པ།

    རི་ཁུག་གི་གྲོང་གསེབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    རྩོམ་སྒྲིག་པའི་སྦྲགས་མཆན།

    རང་ལྗོངས་ཀྱི་ལས་རིགས་ཁག་དང་སྡེ་ཚན་ཁག་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱ་ཆེད། དེ་རིང་ནས་བཟུང་། འདི་ག་ཚགས་པར་གྱིས“2024·མི་སེར་གྱིས་བསམ་ཚུལ་གླེང་བ”ཞེས་པའི་ལེ་ཚན་བཏོན་ནས། 2024ལོར་རང་ལྗོངས་ཀྱིས“དོན་ཆེན་བཞིར”དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་ཏན་ཏིག་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བའི་མི་སེར་ཚོའི་མྱོང་ཚོར་འགོ་འཛུགས་སར་བྱས་ཏེ་འདི་ལོའི་ལས་དོན་ལ་ཕྱོགས་སྡོམ་བྱེད་པ་དང་འབྲེལ། མ་འོངས་པར་རྒྱང་ལྟ་བྱ་རྒྱུ་ཡིན་པས་ཀློག་པ་པོ་ཚོས་དོ་ཁུར་ཡོད་པ་ཞུ།

    ཁོད་སྙོམས་ཤིང་གཙང་ལ་གྲལ་འགྲིག་པའི་ཨར་འདམ་ལམ་དུད་ཚང་ཚང་མའི་སྒོ་འགྲམ་དུ་བཏིང་བ་དང་། འགྲོ་ལམ་གཡས་གཡོན་དུ་ཉི་ནུས་ལམ་སྒྲོན་གསལ་པོ་མང་པོ་བསྒར་བ། མང་ཚོགས་ཀྱི་སྡོད་ཁང་གི་རྒྱབ་མདུན་དང་སྒོ་རའི་ནང་མེ་ཏོག་དང་རྩྭ་རྩི་ཤིང་སྣ་ཚོགས་བཏབ་པ་ལ་སོགས་ལོ་གཅིག་རིང་། གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པས་ཡུལ་མི་ཚོའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་མཆིས།

    ལོ་འདིའི་གྲོང་ཚོའི་འགྱུར་ལྡོག་ནི་ལས་བྱེད་པ་དང་མང་ཚོགས་ཚོས་མིག་མཐོང་ལག་ཟིན་དང་དངོས་སུ་མྱོང་ཚོར་ཐུབ་ཡོད།

    ཉེ་ཆར། གསར་འགོད་པ་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་དབུ་མཐོང་གྲོང་ཚོར་སྐྱོད་སྐབས་གྲོང་ཚོའི་ཁོར་ཡུག་གཙང་བ་དང་། ཡུལ་ལྗོངས་མཛེས་པ། ཡུལ་མི་འཆམ་མཐུན་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་མིག་ལམ་དུ་མངོན་བྱུང་།

    གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གཙོ་བོ་ཞིག་རེད། 2022ལོའི་ཟླ་8པར། དབུ་མཐོང་གྲོང་ཚོའི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་སྤུས་ཚད་མཐོར་གཏོང་རྣམ་གྲངས་ལས་འགོ་ཚུགས་པ་དང་འདི་ལོའི་ཟླ་6པར་ལས་མཇུག་འགྲིལ་ཡོད། རྣམ་གྲངས་ཀྱི་འཛུགས་སྐྲུན་ནང་གཙོ་བོ་གྲོང་ཚོར་ཨར་འདམ་ལམ་འདིང་བ་དང་། ཉི་ནུས་ལམ་སྒྲོན་སྒྲིག་སྦྱོར། སྤྱི་པའི་གསང་སྤྱོད་དང་། ལྷས་ར། གད་གཞོང་། དེ་བཞིན་འཐུང་ཆུའི་ལས་གྲྭའི་སྤུས་ཚད་མཐོར་གཏོང་སོགས་ཚུད་ཡོད་པ་རེད།

    དབུ་མཐོང་གྲོང་ཚོའི་འགྱུར་ལྡོག་སྐོར་ལ་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་བློ་བཟང་བསམ་གྲུབ་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད་ཅིང་། ཁོང་གིས“སྔོན་ཆད་གྲོང་ཚོའི་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་ལ་གུ་དོག་པ་དང་། ཁང་པའི་རྒྱབ་མདུན་དུ་མེ་ཤིང་དང་གད་སྙིགས་སྤུངས་ཡོད་པས། ཡུལ་མིའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ད་ཆ་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། ཁོར་ཡུག་གཙང་ལ་གྲལ་འགྲིག་པ། མང་ཚོགས་འགྲོ་སྐྱོད་སྟབས་བདེ་བ་བཅས་ཡོད། འཐུང་ཆུའི་ལས་གྲྭའི་སྤུས་ཚད་མཐོ་རུ་བཏང་བ་བརྒྱུད་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་སྟེ་ཡུལ་མི་ཚོའི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་ཡོད”ཅེས་བཤད།

    ལོ་འདིའི་གྲོང་ཚོའི་འགྱུར་ལྡོག་སྐོར་ལ་མང་ཚོགས་དོན་ཡོད་ཆོས་ལྡན་གྱིས་ཀྱང་དཔང་པོ་བྱེད་ཐུབ་ཅིང་། ཁོང་གིས“སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་ཚུན། ཚང་མས་ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་གྱི་བྱ་སྤྱོད་ནང་རང་འགུལ་ངང་ཞུགས་པས། ད་ཆ་སྡོད་གནས་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་ལ། ཁྱིམ་མཚེས་དབར་གྱི་འབྲེལ་བའང་དེ་བས་འཆམ་མཐུན་བྱུང་ཡོད”ཅེས་བཤད།

    “ད་ལྟ་གྲོང་ཚོའི་ཐོན་ལས་ཀྱང་འཕེལ་རྒྱས་ཡག་པོ་ཕྱིན་ནས་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་དོན་ཡོད་ཆོས་ལྡན་གྱིས་དགའ་སྤྲོའི་ངང་བཤད།

    2021ལོའི་ཟླ་12པར་བཙུགས་པའི་དབུ་མཐོང་གྲོང་ཚོའི་འབྲོག་མོ་གཡང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནི་དཀོན་མཆོག་ཆོས་ལྡན་སོགས་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་ལྔ་ཡིས་བཙུགས་ཤིང་། དཀོན་མཆོག་ཆོས་ལྡན་གྱིས“མཉམ་ལས་ཁང་གིས་མཉམ་སྡེབ་ཅན་དང་སྒྲིག་འཛུགས་ཅན་གྱི་འཁོར་སྐྱོད་བྱ་ཐབས་བརྒྱུད། ལྗང་མདོག་སྤྱི་གནོད་མེད་པའི་ཚད་གཞིར་ནན་པོ་གཞིགས་ནས། ནས་ནག་ཆང་དང་། ནས་ནག་རྩམ་པ། རན་པ། ཨ་བི་ཁ་སོགས་ཁྱད་ལྡན་ཐོན་རྫས་འཚོང་གི་ཡོད། མཉམ་ལས་ཁང་གིས་ད་དུང་རྩམ་པའི་ཞོགས་ཟས་སྤེལ་མ་གསར་གཏོད་ཇུས་འགོད་བྱས་ཤིང་། ཟས་སྣོད་ནང་རྩམ་པ་དང་། ཕྱུར་བ། མར། ཀ་ར་བཅས་བླུགས་ཡོད། མིག་སྔའི་བར་མཉམ་ལས་ཁང་ལ་ཁྱོན་ཡོང་འབབ་སྒོར་ཁྲི་98ལྷག་ཙམ་བྱུང་ནས་མང་ཚོགས་300ལྷག་ཙམ་ལ་ཕན་པ་ཐོབ་ཡོད”ཅེས་ངོ་སྤྲོད་བྱས།

    དབུ་མཐོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་དོན་གྲུབ་ཀྱིས“སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་པས། ཡུལ་མིའི་བསམ་པའི་ཉམས་འགྱུར་ཇེ་ལེགས་སུ་ཕྱིན་ཡོད་ལ་ཡོང་འབབ་ཀྱང་ཇེ་མང་དུ་སོང་ཡོད། གོམ་སྟབས་རྗེས་མར། དབུ་མཐོང་གྲོང་ཚོས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བཟུང་སྟེ། “ཞིབ་ཕྲ”ནས་འགོ་འཛུགས་པ་དང“ཏན་ཏིག”ཕྱོགས་སུ་ཤུགས་རྒྱག་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་མཐུད་རྒྱ་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་བསྐྲུན་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།