“སྐལ་བཟང་ཚེ་རིང་ཁྱིམ་གྱི་ཀུ་ཤུ་བཙོངས་ཚར་སོང”
སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་སྒང་ག་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་ཀྱིས་མང་ཚོགས་ལ་འབབ་འཕར་ཡོང་རོགས་བྱས་པ།
“དགོངས་པ་མ་ཚོམ། སློབ་གྲོགས་ལགས། སྐལ་བཟང་ཚེ་རིང་ཁྱིམ་གྱི་ཀུ་ཤུ་བཙོངས་ཚར་སོང”ཞེས་ཀུ་ཤུ་ཉོ་མཁན་སློབ་གྲོགས་ཀྱི་ཁ་པར་འབྱོར་སྐབས་གྲོང་སྡོད་ལས་བྱེད་པ་ཐའེ་པའོ་ཧྭ་ཡིས་དགོངས་དག་མ་ཞུས་ཀ་མེད་བྱུང་ཡོད།
གྲོང་སྡོད་ལས་བྱེད་པ་ག་དུས་ཀུ་ཤུ་འཚོང་མཁན་ལ་གྱུར་པ་རེད་དམ། གནད་དོན་དེ་ནི་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་སྒང་ག་གྲོང་ཚོར་བཅའ་སྡོད་བྱས་པ་ནས་གླེང་འགོ་བཙུགས་དགོས།
སྒང་ག་གྲོང་ཚོ་ནི་སྒང་ཕད་གཞུང་ལམ་ལམ་རྒྱུད་ཀྱི་སྨན་གླིང་གནམ་ཐང་ཉེ་འགྲམ་དུ་གནས་པ་དང་དེའི་མཐའ་འཁོར་དུ་སྔོ་ལྗང་རི་ཀླུང་གིས་བསྐོར་ལ་ཤིང་འབྲས་སྣ་ཚོགས་ཐོན་གྱི་ཡོད། འདི་ལོའི་ཟླ་5པར་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ལས་བྱེད་པ་དེ་གར་རོགས་སྐྱོར་བྱེད་པར་བཏང་བ་རེད།
གྲོང་ཚོ་དང་དུད་ཚང་དུ་སྐྱོད་རིང་། གྲོང་སྡོད་ལས་བྱེད་པ་ཐའེ་པའོ་ཧྭ་དང་ཉི་མ་སྐྱིད་པ་རྣམ་གཉིས་སྐལ་བཟང་ཚེ་རིང་ཁྱིམ་གྱི་ཤིང་འབྲས་ལྡུམ་རར་སླེབས།
སྐལ་བཟང་ཚེ་རིང་ལོ་39ལ་སླེབས་པ་དང་ཕ་མ་གཉིས་ལོ་ན་མཐོ་བའི་ཁར་བཟའ་ཟླའི་གཟུགས་པོ་ཡག་པོ་མེད་པ་དང་ཕྲུ་གུ་གཉིས་སློབ་ཆུང་དུ་འགྲོ་གི་ཡོད་པས་ནང་མི་ཚང་མ་ཁོང་གཅིག་པུའི་ངལ་རྩོལ་ནུས་ཤུགས་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད། ལོ་ཤས་གོང་། ཏང་དང་སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་འོག་ཁོང་གྲོང་གསེབ་ཀྱི་ཡིག་སྐྱེལ་བ་ཞིག་ཏུ་གྱུར་ནས་དབུལ་པོའི་ཞྭ་མོ་ཕུད་ཡོད།
ནང་མི་ཚོར་འཚོ་བ་དེ་བས་ཡག་པ་ཞིག་སྐྱེལ་ཐུབ་ཆེད། དཀའ་སྤྱད་འབད་བརྩོན་བྱེད་བཞིན་པའི་སྐལ་བཟང་ཚེ་རིང་གིས་ཀུ་ཤུ་འདེབས་འཛུགས་ཀྱི་ལག་རྩལ་སྦྱངས་པ་མ་ཟད། སྡོང་ཕྲུག་ཉོས་ནས་རང་ཁྱིམ་གྱི་ཤིང་འབྲས་ལྡུམ་ར་ཆུང་ཆུང་ཞིག་ཀྱང་བཙུགས་པ་རེད།
ཟླ་ལྔ་པར་ཀུ་ཤུའི་སྡོང་པོའི་ཐོག་མེ་ཏོག་དཀར་པོས་ཁེངས་པ་མཐོང་སྐབས་སྐལ་བཟང་ཚེ་རིང་ཧ་ཅང་དགའ་པོ་བྱུང་ཡོད། གྲོང་སྡོད་ལས་བྱེད་པས་ཁོང་གི་སྐད་ཆའི་ཁྲོད་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཁོང་གི་རེ་འདོད་ཤེས་ཡོད།
མེ་ཏོག་བཞད་པ་ནས་ཤིང་འབྲས་བཏགས་པའི་བར་དུ་ཧ་རེ་་ཧུ་རེ་སྤུ་ཙམ་ཡང་བྱེད་མི་རུང་། སྐལ་བཟང་ཚེ་རིང་གི་འདེབས་འཛུགས་ལག་རྩལ་མཐོ་རུ་གཏོང་ཆེད། ཐའེ་པའོ་ཧྭ་དང་ཉི་མ་སྐྱིད་པས་ཁོང་ཆེད་མངགས་ཉེ་འཁོར་གྱི་གཞི་ཁྱོན་ལྡན་པའི་ཤིང་འབྲས་ལྡུམ་རར་ལྟ་སྐོར་སློབ་སྦྱོང་བྱེད་པར་འཁྲིད་པ་དང་དེ་གའི་ལག་རྩལ་པས་ཀྱང་སེམས་རྩ་འཁོལ་པོས་སྐལ་བཟང་ཚེ་རིང་ཁྱིམ་གྱི་ཤིང་འབྲས་ལྡུམ་རར་མཛུབ་ཁྲིད་བྱེད་པར་ཡོང་ཡོད། འདེབས་འཛུགས་ཐད་དཀའ་གནད་མང་པོ་འཕྲད་ཀྱང་སྐལ་བཟང་ཚེ་རིང་གིས་སློབ་སྦྱོང་ནན་ཏན་དང་སེམས་ཤུགས་ཆེན་པོས་ལས་ཀར་བྱེད་ཀྱི་ཡོད།
མིག་ཡུད་ཙམ་ལ་ཟླ་10པར་སླེབས་པས་སྨིན་ཟིན་པའི་ཀུ་ཤུ་དམར་པོ་དང་། སྔོན་པོ། སེར་པོ་བཅས་ཡོད་པ་དང་ཤིང་ཏོག་གི་དྲི་མ་གཅིག་ལས་གཅིག་ཞིམ་པ་ཡོད། ཤིང་ཏོག་ཧ་ཅང་མང་པོ་བཏགས་ནས་ཡལ་གའང་གུག་པ་མཐོང་སྐབས་སྐལ་བཟང་ཚེ་རིང་གི་གདོང་ནས་དགའ་སྤྲོའི་འཛུམ་མདངས་མངོན།
དེ་དང་ཆབས་ཅིག་འཕྲད་པའི་དཀའ་ངལ་ལས་སྐལ་བཟང་ཚེ་རིང་གི་ཨ་མ་རྒན་མོ་པད་མ་སེམས་ཁྲལ་དེ་བས་ཆེ་བར་གྱུར་ཡོད། སྨིན་ཟིན་པའི་ཤིང་ཏོག་ལམ་སེང་བསྡུས་ཚེ་སད་སེར་སོགས་ཀྱི་གནོད་འཚེ་ཕོག་མི་ཐུབ། ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མང་པོ་མེད་སྟབས་ཤིང་ཏོག་བསྡུ་རྒྱུར་དེའང་དཀའ་ལས་ཁག་ཙམ་ཡོད་པ་མ་ཟད། ཤིང་ཏོག་ཚང་མ་ངེས་པར་དུ་བཙོངས་ཐུབ་ན་གཞི་ནས་ངལ་རྩོལ་གྱི་འབྲས་བུ་དེ་ཡོང་འབབ་ལ་འགྱུར་ཐུབ། ཆབ་ནག་ཤང་དུ་ཤིང་ཏོག་སྣ་ཚོགས་ཐོན་གྱི་ཡོད་པས་ཀུ་ཤུ་ཡང་འཚོང་ཁག་པོ་ཡོད། སྐལ་བཟང་ཚེ་རིང་གཅིག་པུས་ཤིང་ཏོག་བསྡུ་བ་དང་འཚོང་ཚེ་ག་དུས་ཚར་མིན་མི་ཤེས།
ཁོང་ཚོ་ནང་མི་ཚོ་དཀའ་ངལ་གྱི་གནས་སུ་གྱར་བ་མཐོང་སྐབས་ཐའེ་པའོ་ཧྭ་དང་ཉི་མ་སྐྱིད་པས་སྐལ་བཟང་ཚེ་རིང་བཙལ་ནས“ང་ཚོས་རང་ལ་ཀུ་ཤུ་བསྡུ་རོགས་དང་འཚོང་རོགས་བྱེད་ཆོག”ཅེས་རང་འགུལ་ངང་ཁོང་གི་ཤིང་འབྲས་ལྡུམ་རའི་ཤིང་ཏོག་བསྡུ་མཁན་དང་ཚོང་གཉེར་མཁན་བྱ་རྒྱུའི་རེ་བ་བཏོན།
ཤིང་ཏོག་བསྡུ་ཉིན་གྱི་ཞོགས་པར། ཁོང་གཉིས་སྔ་ས་ནས་ཤིང་ཏོག་ལྡུམ་རར་རོགས་པ་བྱེད་པར་ཡོང་ཡོད། གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་ཚོས་རང་ཁྱིམ་གྱི་ཞིང་ལས་ཚར་རྗེས་རོགས་པ་བྱེད་པར་ཡོང་བས་ཀུ་ཤུ་སི་ར་མང་པོ་བསྡུས་ཟིན་པ་མཐོང་སྐབས་རྒད་མོ་པད་མའི་གདོང་ནས་བློ་བདེའི་འཛུམ་མདངས་འཕྱུར།
སྐལ་བཟང་ཚེ་རིང་ལ་ཀུ་ཤུ་འཚོང་རོགས་བྱ་ཆེད། ཐའེ་པའོ་ཧྭ་དང་ཉི་མ་སྐྱིད་པས་ད་དུང་བཏུས་ཟིན་པའི་ཤིང་ཏོག་བརྙན་ཐུང་བརྒྱུད་གྲོགས་ཚོགས་དང་ཁྱུག་དབྱིངས་ནང་དུའང་བསྐུར་ཏེ་ཚང་མར་མངགས་ཉོ་བྱ་རྒྱུའི་རེ་བ་བཏོན།
བསམ་ཡུལ་ལས་འདས་པ་ཞིག་ལ་བྱེད་སྟངས་འདི་ལས་དངོས་གནས་ནུས་པ་ཆེན་པོ་ཐོན་ཡོད། ངར་སྒམ་གཉིས་ཉར་རོགས། ངས་སྔོན་ལ་སྒམ་ལྔ་མངགས་ཉོ་བྱེད་ཀྱི་ཡིན། དངུལ་ཁྱོད་རང་ལ་བསྐུར་ཟིན་པ་ཡིན། ཞེས་པའི་ཁ་པར་དང་འཕྲིན་ཐུང་ཁོང་ཚོའི་ཁ་པར་ཐོག་ཡང་ཡང་འབྱོར།
ཚོང་ཟོག་གང་སར་སྐྱེལ་དགོས་པས་སྐལ་བཟང་ཚེ་རིང་ལས་བྲེལ་ཆེ་བར་གྱུར།
ཀུ་ཤུ་སྡོང་པོ་ནས་བཀོག་སྟེ་སི་རའི་ནང་བླུགས་པའི་བར་དང་། དེ་ནས་སྒམ་དང་སྐྱེལ་འདྲེན་རླངས་འཁོར་ནང་བླུགས་པའི་བར་གྱི་བརྒྱུར་རིམ་ལ་ལྟ་བཞིན་རྒད་མོ་པད་མར་སེམས་འགུལ་ཆེན་པོ་ཐེབས་བཞིན་མིག་ཀྱང་དམར་པོར་གྱུར་ཏེ“ཐུགས་རྗེ་ཆེ”ཡང་ཡང་ཞུས།
དུས་ཐུང་གཟའ་འཁོར་གཅིག་ནང་སྐལ་བཟང་ཚེ་རིང་ཁྱིམ་གྱི་ཤིང་འབྲས་ལྡུམ་རའི་ཀུ་ཤུ་ཚང་མ་བྲིན་ནས་ཁྱོན་ཡོང་འབབ་སྒོར་ཁྲི་1.5ལྷག་ཙམ་བྱུང་ཡོད།
“སྐལ་བཟང་ཚེ་རིང་ཁྱིམ་གྱི་ཀུ་ཤུ་བཙོངས་ཚར་མོད། འོན་ཀྱང་ང་ཚོའི་ལས་ཀ་འགོ་ཚུགས་མ་ཐག་ཡིན། འདི་ནི་མགོ་འཛུགས་ཡག་པོ་ཞིག་རེད། གླེང་རིན་མེད་པའི་བྱ་བ་ཆུང་ཆུང་དེ་བརྒྱུད་ང་ཚོར་གྲོང་སྡོད་རོགས་སྐྱོར་གྱི་དོན་སྙིང་ཟབ་མོ་ཚོར་བྱུང་། དེ་ནི་དངོས་པོའི་རྒྱབ་སྐྱོར་བྱེད་པ་ཙམ་མ་ཟད། ད་དུང་ལས་བྱེད་དང་མང་ཚོགས་ཀྱིས་བློ་སེམས་གཅིག་སྒྲིལ་དང་ངོ་ཞུགས་འབད་ཐབས་ཀྱི་བྱ་སྤྱོད་དངོས་ལས་བརྩེ་སེམས་ཟབ་ཏུ་བཏང་བ་ཞིག་རེད། ང་ཚོས་བསམ་བློ་ཕྱོགས་གཅིག་ཏུ་བཏང་ཚེ་་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་དང་། མང་ཚོགས་ལ་འབབ་འཕར་ཡོང་རོགས་བྱེད་པའི་ལམ་བུའི་ཐོག་གྲུབ་འབྲས་ཐོབ་ཐུབ་ངེས་རེད”ཅེས་ཐའེ་པའོ་ཧྭ་ཡིས་ལས་ཀའི་ཉིན་ཐོའི་ནང་དེ་ལྟར་བྲིས་ཡོད་པ་རེད།