ཡུལ་མཛེས་ལས་དར་གསོན་ཤུགས་འཕེལ། གྲོང་དར་དམངས་ཕྱུག་རྣམ་པ་གསར།
—— རང་ལྗོངས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་བ།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་ནི། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་དམངས་ཀྱི་བདེ་རྩ་དང་ཡང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པར་དམ་པོར་དམིགས་ཏེ། གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་མ་ཟད། ད་དུང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་ལས་ཐོན་ལས་དར་རྒྱས་ཆེ་བ་དང་། སྐྱེ་ཁམས་འཚོ་སྡོད་རུང་བ། ཡུལ་སྲོལ་ཡ་རབས་ལྡན་པ། བཅོས་སྐྱོང་ཕན་སྨིན་ཆེ་བ། འཚོ་བ་འབྱོར་ཞིང་ཕྱུག་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་ས་མཐོའི་ས་གཞི་ཆེན་པོ་ནས་རིམ་བཞིན་མངོན་ཡོད།
སྒྲིག་བཀོད་རིམ་སྤོར་བྱས་ནས་མིའི་འཚོ་སྡོད་ཁོར་ཡུག་མཛེས་སུ་བཏང་བ།
2023ལོའི་བོད་རང་སྐྱོང་ལྗོངས་ཀྱི“ལྗོངས་ཡོངས་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས”དང་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཀྱི“གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ལེགས་གྲས་བརྒྱ”ཡིན་པའི་གླང་གོང་གྲོང་ཚོས་ས་བབ་ཀྱི་ཆ་རྐྱེན་ཡག་པོར་གཞི་ཚུགས་པ་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་པས། གྲོང་ཚོ་མཛེས་ཤིང་ལྟ་ན་སྡུག་པར་གྱུར་ལ་གྲོང་མི་ཚོའི་ཡོང་འབབ་ཇེ་མང་དང་འཚོ་བ་ཇེ་སྐྱིད་དུའང་སོང་ཡོད།
གླང་གོང་གྲོང་ཚོའི་འཕོ་འགྱུར་དེ་ལྗོངས་ཡོངས་སུ་དམིགས་བསལ་ཞིག་མིན་ཞིང་། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་ཞིང་འབྲོག་ཁུལ་དུ་བཞག་སྟེ། གྲོང་གསེབ་ཀྱི་འགྲོ་ལམ་ཤར་གཏོང་དང་། ཆུ་དང་གློག་འགན་ལེན། གྲོང་ཚོའི་རྣམ་པ་ལེགས་བཅོས། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་ལེགས་གཏོང་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། མི་རིགས་ཁག་གི་བུ་ཕྲུག་ཚོས་སེམས་མཐུན་སྟོབས་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་ལྷོ་འདབས་སུ་ཆགས་པ་དང་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པས། སྐབས་ཤིག་རིང་ཕ་སངས་རྒྱས་ཆོས་པ་དང་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་བཅས་པའི་ནང་མི་གསུམ་པོ་ལས་མེད་པའི“མི་གསུམ་གྱི་ཤང”ཞིག་རེད།
ད་ཆ་ཡུལ་སྨད་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། ཁོད་སྙོམས་པའི་སྣུམ་ནག་ལམ་གྲོང་ཚོར་བཏིང་ཟིན་པ་དང་། སློབ་གྲྭ་དང་། འཕྲོད་བསྟེན་ཁང་། ཡུལ་སྐོར་སྣེ་ལེན་ལྟེ་གནས་སོགས་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་པས། མང་ཚོགས་སྔར་ལས་མང་པོ་དེ་གར་སྤོས་ཡོད། དེ་སྔའི“མི་གསུམ་གྱི་ཤང”ད་ཆ་དུད་ཚང་67དང་མི་250ལྷག་ཙམ་ཡོད་པའི་འབྱོར་འབྲིང་ཤང་དུ་འཕེལ་རྒྱས་ཕྱིན་ཞིང་། གྲོང་མི་མི་ཉུང་བས་རང་ཁྱིམ་གྱི་བེད་མེད་ཁང་པ་སྤྱད་དེ་ཁྱིམ་ཚང་མགྲོན་ཁང་དང་། ཚོང་ཁང་། མྱུར་སྐྱེལ་ས་ཚིགས་ལ་སོགས་བཙུགས་ཡོད།
ཐོན་ལས་དར་སྤེལ་བཏང་ནས་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།
ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་སྤུན་ཟླ་གྲོང་ཚོས་འབྲི་གཡག་ཐོན་ལས་གཙོ་ཁྲིད་ཐོན་ལས་ལ་བརྩིས་ཏེ་ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་བརྒྱུད། འབྲི་གཡག་སྡོམ་གསོའི་རྟེན་གཞི་དང་ལྕི་བ་དང་སྦྲང་ཚང་རྒྱག་བཟོའི་ཐོན་ལས་གཉིས་ཚུད་པའི་ཞིང་འབྲོག་པའི་མཉམ་ལས་ཁང་བཙུགས་ཡོད། གྲངས་གཞི་ལས་མངོན་པར། 2023ལོར་སྤུན་ཟླ་གྲོང་ཚོའི་འབྲི་གཡག་སྡོམ་གསོ་རྟེན་གཞིར་ལག་ཡོད་འབྲི་གཡག་མགོ་གྲངས་157ཡོད་པ་དང་བཤས་གྲངས་37ཟིན་ནས་ཡོང་འབབ་སྒོར་ཁྲི་38བྱུང་བ་དང་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་6250ཐོབ་ཡོད། སྔོན་དཔག་བྱས་ན་2024ལོར་འབྲི་གཡག་མགོ་གྲངས་60ལྷག་ཙམ་བཤས་རྩིས་ཡོད་པར་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལྷག་ཙམ་ཡོང་རྒྱུ་ཡིན་པ་རེད།
ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་བཀྲ་ཤིས་གསུམ་མདོ་གྲོང་ཚོས་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་ཁྲིད་སྟོན་མཐའ་འཁྱོངས་བྱས་པའི་ཁར། རྩྭ་རའི་ཐོན་ཁུངས་དང་གསོ་ཚགས་ལག་རྩལ་གྱི་ལེགས་ཆར་བརྟེན་ནས“ཏང་འཛུགས་སྐྱོང་དང་ཐོན་ལས་དར་རྒྱས”ཟུང་དུ་འབྲེལ་བའི་ལམ་བུ་གསར་པ་བཏོད་ཅིང་། འབྲོག་ལས་སྒྱུར་བཅོས་ཤུགས་ཆེན་བྱས་པ་བརྒྱུད“ལུག་སྟོང་གསོ་སྤེལ་རྟེན་གཞི”དང“འབྲི་གཡག་བརྒྱ་གསོ་སྤེལ་རྟེན་གཞི”སོགས་གྲོང་ཚོའི་མཉམ་སྡེབ་ཀྱི་ཀ་རྟེན་ཐོན་ལས་སྔ་རྗེས་སུ་བསྐྲུན་ཡོད།
གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོའི་དྲོད་ཁང་ཆེན་པོ་170ལྷག་ཙམ་ནང་ཀྲོ་མ་ཀྲུ་དང་། ཧོང་ཀྭ སུར་པན་སོགས་སྐྱེ་འཚར་ཡག་པོ་ཡོད། “སྔོན་ཆད་སྔོ་ཚལ་རིགས་ལ་ལ་ཕུག་དང་ཞོག་ཁོག་ལས་མེད། ཤིང་འབྲས་དང་སྔོ་ཚལ་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་ཆེད། གྲོང་ཚོས་མཉམ་སྡེབ་ཐོག་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་ཡིན། ད་ཆ་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་10ལྷག་ཙམ་དྲོད་ཁང་ནས་ཁྲོམ་རར་རྒྱུན་ཆད་མེད་པར་ཕྱིར་ཚོང་བྱེད་ཀྱི་ཡོད”ཅེས་བན་ཚང་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་དོན་གྲུབ་ཀྱིས་བཤད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་པ།
སྤོ་བོའི་ཁམ་བུའི་མེ་ཏོག་རོང་དུ་ཡོད་པའི་ཀ་གནམ་གྲོང་ཚོར་སྐྱོད་སྐབས་ཡུལ་སྐོར་བ་མང་པོས་མཛེས་ལྗོངས་ལ་རོལ་ཞོར་དྲན་རྟེན་པར་རྒྱག་བཞིན་འདུག
རྒྱལ་ལམ་318ཀྱི་འགྲམ་དུ་ཡོད་པ་དང་། སྤོ་བོ་རྫོང་རྒུ་ཤང་གི་ཁོངས་སུ་གཏོགས་པ། རྫོང་གྲོང་དང་བར་ཐག་སྤྱི་ལེ་17ཡོད་པ། ས་བབ་ཀྱི་ཆ་རྐྱེན་ཧ་ཅང་ཡག་པ་བཅས་ཀྱི་ཀ་གནམ་གྲོང་ཚོ་འདི་ཉིད་རྒྱབ་ངོས་རི་བོ་དང་མདུན་ངོས་མཚོ་ཡིས་བརྒྱན་ལ། ནགས་ཚལ་སྟུག་ཤིང་རྩྭ་ཐང་ལ་མུ་མཐའ་མེད།
ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་གང་ལེགས་སྤྱད་དེ་ཀ་གནམ་གྲོང་ཚོའི“ལྗང་མདོག་དཔལ་འབྱོར”དར་སྤེལ་བཏང་སྟེ། སྐྱེ་ཁམས་ཡག་པོར་བརྟེན་ནས་འཕེལ་རྒྱས་ཡག་པོ་ཡོང་བ་བྱ་རྒྱུ་ནི་ཀ་གནམ་གྲོང་ཚོའི་མང་ཚོགས་ཀྱི་བསམ་འདུན་དང་དོན་གཉེར་བྱ་ཡུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་ཀ་གནམ་གྲོང་ཚོས་ས་བབ་ཀྱི་ལེགས་ཆ་དང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ཏེ། ཏང་འཛུགས་སྐྱོང་དང་། གྲོང་གསེབ་བཅོས་སྐྱོང་། ཁྱད་ལྡན་ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་ཧུར་ཐག་སྤྱད་ནས། གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད། 2023ལོར་གྲོང་ཚོ་ཡོངས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་2.5ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པ་དང་ཡུལ་སྐོར་ཐོན་རྫས་ཕྱིར་ཚོང་སོགས་ལས་གྲོང་མིར་ཡོང་འབབ་སྒོར་ཁྲི་140ལྷག་ཙམ་བྱུང་ཡོད།
ཀ་གནམ་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་ནི་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བའི་བསྡུས་རིས་ལྟ་བུ་རེད།
གྲོང་གསེབ་དར་རྒྱས་གཏོང་བ་ནི་ཞིབ་ཚགས་ཡུན་རིང་གི་ལས་དོན་ཞིག་ཡིན་པས་ངེས་པར་དུ་རིམ་པས་གོང་སྤེལ་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། དུས་རབས་གསར་པའི་རྒྱང་ལམ་གསར་པར་རང་ལྗོངས་ཀྱིས་ས་གནས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། གྲོང་གསེབ་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་པ་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་རེད།