ཚེ་མཆོག་གླིང་། 《འུན་ཤིང་ཀོང་ཇོ》ལས་གྲོང་ཚོ་ཞིག་ཕྱུག་པོར་གྱུར་པ།
བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཚོ་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།
“ལམ་གཉིས”ཀྱི་དྲན་གསོའི་རྡོ་རིང་དང་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོའི》འཁྲབ་ར་བར་ཆུ་བོ་གཅིག་གིས་ཆོད་ཡོད།
ཟློས་གར་འཁྲབ་ཡུལ་ཚེ་མཆོག་གླིང་གྲོང་ཚོར་གྲོང་མི་ཚོས་མི་རབས་ནས་མི་རབས་བར་རི་འདབས་ཀྱི་ཞིང་ཐང་དུ་ཞོག་ཁོག་དང་ནས་འདེབས་ཀྱི་ཡོད། ཞིང་ལས་ནི་གྲོང་མི་ཚོའི་དཔལ་འབྱོར་ཡོང་སྒོ་གཙོ་བོ་རེད། ད་ཆ་གྲོང་ཚོའི་ཁྱིམ་ཚང་ཚང་མས་རིག་གནས་ཡུལ་སྐོར་ཐོན་ལས་འཛུགས་སྐྲུན་ནང་ཞུགས་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ་ཡོད། འགྱུར་ལྡོག་དེ་ནི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་བཙུགས་པ་དང་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་པ་ལས་བྱུང་བ་ཞིག་རེད།
འབྲས་ལྡན་དུས་སུ་འཕྲིན་སྤེལ་ཚོགས་ཆུང་རླངས་འཁོར་བསྡད་དེ་ལྷ་ས་གྲོང་ཁུལ་གྱི་ཁྲོམ་གཞུང་བརྒྱུད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཚེ་མཆོག་གླིང་གྲོང་ཚོའི་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་སར་བསྐྱོད། རླངས་འཁོར་སྐར་མ་20ཙམ་བསྐྱོད་རྗེས་བཅར་འདྲི་ཚོགས་ཆུང་ཚེ་མཆོག་གླིང་གྲོང་ཚོར་འབྱོར། བོད་བཟོའི་ཐོག་ཁང་རེ་རེ་རི་འདབས་སུ་བསྐྲུན་ཡོད་པ་དང་ཨར་འདམ་ལམ་གཙང་ལ་རྒྱ་ཆེ་ཞིང་། ཉེ་འགྲམ་གྱི་བཟོ་བཀོད་དམིགས་བསལ་ལྡན་པའི་རིག་གནས་བསམ་བཀོད་ཐོན་ལས་གླིང་དེ་བས་ཁྱད་ཆོས་ལྡན་པ་ཞིག་འདུག
“དེ་སྔ་ང་ཚོའི་གྲོང་ཚོ་ཧ་ཅང་སྐྱོ་པོ་རེད། ངའི་ཁྱིམ་ལ་ཆ་བཞག་ན། ས་ཞིང་འདེབས་པ་དང་སྔོ་ཚལ་སོཌ་བཙོངས་ནས་ལྟོ་གོས་འཕྱིད་ཐབས་བྱེད་ཀྱི་ཡོད། དགུན་ཁར་ཡོང་སྒོ་གང་ཡང་མེད། སྐབས་རེ་སྣུམ་དང་ཚྭ་ཉོ་བའི་ལག་དངུལ་ཡང་མེད”ང་ཚོ་དང་མཉམ་དུ་ཡོད་པའི་ལོ་47ལ་སླེབས་པའི་གྲོང་མི་སྤེན་པས་བཅར་འདྲི་ཚོགས་ཆུང་ལ་གྲོང་ཚོའི་འདས་དོན་རེ་རེ་བཞིན་གླེང་ལ། དེ་སྔ་གྲོང་ཚོའི་ལམ་ཚང་མ་ས་རྡོའི་ལམ་ཡིན་པ་དང་། ལྷ་སའི་གྲོང་ཁུལ་དུ་སྐྱོད་ཐེངས་རེར་སྤེན་པ་ཐོ་ཕྲུག་ནང་ཡུན་རིང་སྡོད་དགོས་ཀྱི་ཡོད། ད་ཆ་གྲོང་ཚོའི་ཕྱོགས་བཞི་ནས་གཞུང་ལམ་ཤར་གཏོང་ཐུབ་པ་དང་གློག་སྒུལ་སྦག་སྦག་བཞོན་ནས་སྐར་མ་15ཙམ་བསྐྱོད་ན་གྲོང་ཁུལ་དུ་འབྱོར་ཐུབ།
2012ལོར་རང་སྐྱོང་ལྗོངས་ཀྱིས་ཆུ་ཚད་མཐོ་བའི་ཡུལ་སྐོར་འཁྲབ་སྟོན་ལེ་ཚན་ཞིག་གཏོད་རྒྱུའི་བླང་བྱ་བཏོན་པས། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཚོགས་པས་མཉམ་དུ་གསར་རྩོམ་སྒྲིག་འཛུགས་དང་། ཀུང་སི་སྒྲིག་འཛུགས། འཁྲབ་སྟོན་པ་བསྡུ་རུབ་བཅས་བྱས་ནས། དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》བསམ་བཀོད་ལས་བརྒལ་ནས་དངོས་སུ་འཁྲབ་སྟོན་བྱས། ལོ་བཅུ་ལྷག་ཙམ་རིང་རིག་གནས་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར་བྱེད་ཐབས་བརྒྱུད། དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོའི》རྣམ་གྲངས་ཀྱིས་ཚེ་མཆོག་གླིང་གྲོང་ཚོ་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་པ་དང་ཆབས་ཅིག་གྲོང་མི་རྣམས་རྣམ་གྲངས་ལ་ཞུགས་པ་བརྒྱུད་ལས་ཞུགས་འབབ་འཕར་བྱུང་ཡོད།
དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོའི》མང་ཚོགས་འཁྲབ་སྟོན་པ་ཆེ་ཤོས་ལོ་70དང་ཆུང་ཤོས་ལོ་8ཡིན། ཁོང་ཚོས་མཚན་མོར་འཁྲབ་སྟོན་བྱས་ནས་གླ་ཆ་ལེན་པ་མ་ཟད། ཉིན་མོར་ད་དུང་ཞིང་པའི་སྤྲོ་སྐྱིད་ཁང་ངམ་ཡང་ན་ཚོང་ཁང་བཙུགས་ནས་ཡོང་འབབ་མང་དུ་གཏོང་གི་ཡོད། ད་ཆ་ཚེ་མཆོག་གླིང་གྲོང་ཚོའི་དུད་ཚང་ཚང་མས་ཟོག་འདྲེན་རླངས་འཁོར་རམ་ཡང་ན་འཇིབ་ཆུང་ཉོས་ཡོད་པ་དང་། དཔལ་འབྱོར་ཡོང་འབབ་མངོན་གསལ་དོད་པོས་འཕར་ཡོད།
འདས་ཟིན་པའི་ལོ་བཅུ་ལྷག་ཙམ་རིང་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོའི》རྣམ་གྲངས་ཀྱིས“ཟློས་གར་གཅིག་དང་། ཁྲོམ་གཞུང་གཅིག གླིང་གཅིག”བཅས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ལ་གཞིགས་ནས“ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་ཚུད་པའི་མཚན་མོའི་དཔལ་འབྱོར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མ་ལག་ཅིག་གཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་པ་ནས་བཟུང་། ཚོང་དུད་སྣ་ཚོགས་གླིང་དུ་ཡོང་བའི་ཡིད་དབང་བཀུག་ནས་ལྷ་སའི་མཚན་མོར་གློག་འོད་རབ་ཏུ་འཕྲོས་པ་དང་། ཚོང་ལས་དར་ཞིང་རྒྱས་པ། མཚན་ཁྲོམ་འཁྲུག་ཆ་དོད་དུ་དངོས་འབྲེལ་སོང་ཡོད།
སྡིངས་ཆའི་གཤམ་གྱི་ཕྱགས་མ་འཁྱེར་བའི་ལྟད་མོ་བ་དེར་གསར་འགོད་པས་དོ་སྣང་ཆེན་པོ་བྱུང་། ཁོང་གིས་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》ཐེངས་སྟོང་ཕྲག་མང་པོ་བལྟས་པ་དང་མིག་འདྲིས་རྣར་འཇགས་ཁྲོད་འུན་ཤིང་ཀོང་ཇོའི་གཏམ་རྒྱུད་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་ངེས། ཁོང་གི་མིང་ལ་ལྷག་ཚེ་ཟེར་ཞིང་། འདི་ལོར་ལོ་50ལྷག་ཙམ་ལ་སླེབས་ཀྱི་ཡོད། ཁོང་ནི་ཟློས་གར་ཁང་གི་གཙང་སྦྲ་བྱེད་མཁན་ཡིན་པ་མ་ཟད། ཚེ་མཆོག་གླིང་གྲོང་ཚོར་གནམ་ས་བླ་འོག་ཏུ་འཕོ་འགྱུར་བྱུང་བར་དཔང་པོ་བྱེད་མཁན་ཞིག་ཀྱང་ཡིན། ཚེ་མཆོག་གླིང་གྲོང་ཚོའི་གྲོང་མི་ཡིན་པའི་ཆ་ནས་ཡར་སྔོན་ལྷག་ཚེའི་ནང་མི་རྣམས་ཀྱིས་ཀྱང་གྲོང་མི་གཞན་དང་འདྲ་བར་ས་ཞིང་འདེབས་པ་དང་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ལོ་གཅིག་ནང་ལྟོ་གོས་འཕྱིད་ཙམ་ལས་མེད།
2012ལོ་ནས་བཟུང་འགྱུར་ལྡོག་འགྲོ་འགོ་ཚུགས། དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོའི》རྣམ་གྲངས་ཚེ་མཆོག་གླིང་གྲོང་ཚོར་སྐྲུན་འགོ་བཙུགས་མ་ཐག ལྷག་ཚེ་དང་ཁོང་གི་བཟའ་ཟླས་གོ་སྐབས་དམ་འཛིན་གྱིས་དུས་འགོའི་གར་སྟེགས་སྐྲུན་པའི་ནང་ཞུགས་པས་ཁོང་གཉིས་ལ་ཟླ་རེར་ཡོང་འབབ་བརྟན་པོ་རག དུས་དེ་ནས་བཟུང་ཁོང་ཁྱིམ་གྱི་འཚོ་བ་ལོ་རེ་ལས་མ་འདས་པར་ལེགས་སུ་ཕྱིན། རྗེས་སུ་ཁོང་གིས་ད་དུང་ཟློས་གར་ཁང་ནང་སྔོ་འགྱུར་དང་སྔོ་ལྗང་རྩི་ཤིང་བདག་སྐྱོང་སོགས་ཀྱི་ལས་ཀ་ཙག་ཙིག་བྱས། ཁོང་གིས་ལས་ཀའི་འཇོན་ཐང་ལ་བརྟེན་ནས་གཙང་སྦྲ་འཕྲོད་བསྟེན་གྱི་འགན་འཁུར་བར་གྱུར་ནས་ཟླ་རེར་གཏན་འཇགས་ཡོང་འབབ་སྒོར་7000ལྷག་ཙམ་ལེན་རྒྱུ་ཡོད།
དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོའི》རྣམ་གྲངས་ལ་བརྟེན་ནས་ཚེ་མཆོག་གླིང་གྲོང་ཚོའི་གྲོང་མིར་ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་བྱུང་ཞིང་། སྣ་མང་གཉེར་སྐྱོང་འཕེལ་རྒྱས་བཏང་བ་བརྒྱུད། ན་ནིང་ཚེ་མཆོག་གླིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཁེ་བཟང་སྒོར་ཁྲི་1600ལྷག་ཙམ་བྱུང་སྟེ་གྲོང་མིར་བགོ་འགྲེམས་སྒོར་ཁྲི་600ལྷག་ཙམ་རག་ཡོད། ཚེ་མཆོག་གླིང་གྲོང་ཚོའི་འགན་འཁུར་བས“གོམ་སྟབས་རྗེས་མར་ང་ཚོས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་ཐོན་ཁུངས་དར་སྤེལ་ཤུགས་ཆེན་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། གྲོང་མི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག་ང་ཚོས་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་གཏིང་ཟབ་སྤེལ་ཏེ་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ཚང་མའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་གི་ཡིན”ཞེས་བཤད།