དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་ཀྱི་ཞིང་ལས་ཚན་རྩལ་གླིང་གིས་སྒྲིག་བཀོད་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

    རིག་ནུས་ཅན་གྱི་དྲོད་ཁང་ཆེ་མོ་ལས“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་ལ་ཡོང་འབབ་མང་དུ་ཕྱིན་པ།

  • ཡོང་ཁུངས།  ཚན་རྩལ་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱང་ཡུས་ཧང་།   |     སྤེལ་དུས།  2024-11-24

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཞིང་ལས་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ལ་རམ་འདེགས་བྱེད་པ། ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོར་གནས་པའི་མའོ་ཐེང་ཞིང་ལས་གླིང་ཁུལ་ནི་བོད་ལྗོངས་ཞིང་ལས་ཚན་རྩལ་གླིང་གིས་སྒྲིག་བཀོད་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། གླིང་ཁུལ་དེས་ཧྲན་ཏུང་ཧྲོའུ་ཀོང་གི་སྔོན་ཐོན་སྒྲིག་བཀོད་སྔོ་ཚལ་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་རྣམ་པར་དཔེ་བལྟས་ནས་ཉི་འོད་དྲོད་ཁང་100དང་ཚད་གཞི་མཐོ་བའི་སོ་ཕག་གྱང་གི་ཉི་འོད་དྲོད་ཁང་6བསྐྲུན་ཏེ་ཕན་འབྲས་ཆེ་བའི་སྔོ་ཚལ་ཐོན་སྐྱེད་ཐུབ་པར་བྱས་པ་རེད།

    བསྡོམས་རྩིས་ལ་གཞིགས་ན། ལྗོངས་ཡོངས་ཀྱི་སྔོ་ཚལ་འདེབས་ཁྱོན་2012ལོའི་མུའུ་ཁྲི་35.61ནས་2023ལོའི་མུའུ་ཁྲི་44.45བར་འཕར་བ་དང་ཐོན་ཚད་ཏུན་ཁྲི་65.59ནས་ཏུན་ཁྲི་95བར་འཕར་ཏེ་འཕར་ཚད་24.82%དང་44.84%སོ་སོར་ཟིན་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོའི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་དུད་ཚང་སྤེན་པ་ཚེ་རིང་གི་འགྱིག་ཤོག་དྲོད་ཁང་ཆེན་མོའི་ནང་འབྲས་བུ་མང་པོ་བཏགས་ཡོད་པ་རེད། 2020ལོ་ནས་བཟུང་། དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་བཏབ་ཚུན། ཁོང་གི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་དང་བན་ཚང་གྲོང་ཚོའང་སྔོ་ཚལ་འདེབས་འཛུགས་ཀྱི་དཔེ་སྟོན་གྲོང་ཚོར་གྱུར་ཡོད། འགྱུར་ལྡོག་དེ་ནི་གཞིས་རྩེའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་གྱི་སྔོན་ཐོན་ལག་རྩལ་དང་དོ་དམ་བྱེད་སྟངས་དང་དེ་བཞིན་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཚན་རྩལ་ཆེད་མངགས་པའི་ཡུན་རིང་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། ཚན་རྩལ་ཆེད་མངགས་པས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་དང་དོ་དམ་ཉམས་མྱོང་བསླབ་པ་མ་ཟད། ས་གནས་དེ་གའི་ཞིང་འབྲོག་པའི་སྔོ་ཚལ་འདེབས་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཡོད།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་ཞིང་ལས་ཚན་རྩལ་གླིང་གི་འགྱིག་ཤོག་དྲོད་ཁང་ཆེ་མོ་ཉམས་གསོ་དང་སྤུས་འབྲས་ལེགས་གཉེར་གྱི་ལས་དོན་ཡང་ཧུར་ཐག་སྤེལ་བཞིན་ཡོད་པ་རེད། ས་གནས་དེས་ཞིང་ལས་ཚན་རྩལ་གླིང་གི་བེད་མེད་དུ་བཞག་པའི་འགྱིག་ཤོག་དྲོད་ཁང་ཆེན་མོ་སྒྱུར་བཀོད་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་ཀྱིས་འགྱིག་ཤོག་དྲོད་ཁང་ནང་གི་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཡོད། འདི་ལོ་ཚུན། བེད་མེད་འགྱིག་ཤོག་དྲོད་ཁང་ཆེན་མོ་480སླར་གསོ་བྱས་ནས་སྔོ་ཚལ་འདེབས་རྒྱ་མུའུ་197ཆེ་རུ་བཏང་ཡོད།

    ས་གནས་དེ་གའི་སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཚན་རྩལ་ཆེད་མངགས་པའི་རོགས་རམ་ལས་སྔོ་ཚལ་འདེབས་འཛུགས་ཀྱི་དུད་ཚང་ཚོ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ་ཉེ་འཁོར་ས་ཁུལ་གྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད།

    མིག་སྔར་བོད་རང་སྐྱོང་ལྗོངས་སུ་ཞིང་ལས་ཚན་རྩལ་གླིང་ཁུལ་ཁྱོན་14ཡོད་པ་ལས་རྒྱལ་ཁབ་རིམ་པའི་ཁེ་ལས་4དང་རང་སྐྱོང་ལྗོངས་རིམ་པའི་ཁེ་ལས་10ཡོད་པ་རེད། གླིང་ཁུལ་དེ་དག་གཙོ་ཁྲིད་ཐོན་ལས་དང་ཐོན་ཁུལ་གཙོ་བོར་རགས་ཙམ་ཁྱབ་ནས་ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་ཆེ་བ། ཐོན་སྐྱེད་བྱེད་སྟངས་ལྗང་མདོག་ཡིན་པ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་ཀྱི་མཐོ་ས་ཁག་གཅིག་ཆགས་བཞིན་ཡོད་པ་རེད།

    (《ཚན་རྩལ་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།