དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • འགན་འཁྲི་ལེགས་པར་བསྒྲུབས། གྲོང་གསེབ་དར་རྒྱས་བཏང་།

    —— རི་བོ་ཆེ་རྫོང་གི་ཞིང་ལས་དང་གྲོང་གསེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་དང་ཕན་འབྲས་སྐོར་བཀོད་པ།

  •     སྤེལ་དུས།  2024-11-08

    འདི་ནི་བོད་ཁྱིམ་ནོར་གནག་མ་རྐང་ཚད་ཡོད་ཀུང་སིའི་ལས་མི་བཀྲ་ཤིས་ཆོས་འཕེལ་གྱིས་ཐད་གཏོང་ནས་ཐོན་རྫས་འཚོང་བཞིན་པ།

    འདི་ནི་སྤྱང་ངེ་གྲོང་ཚོའི་སྤྲོ་སྐྱིད་གླིང་ཡིན་པ།

    སྤྱང་ངེ་གྲོང་ཚོའི་དམངས་སྲོལ་སྤྲོ་གསེང་གྲོང་ཚོ།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱིས“ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས་ཏེ“གྲོང་ཚོ་སྟོང་གིས་དཔེ་སྟོན་སྣེ་ཁྲིད་དང་གྲོང་ཚོ་ཁྲི་མཉམ་ཕྱུག་མཉམ་མཛེས”ཀྱི་འདུ་འགོད་ལག་ལེན་བསྟར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་། གྲོང་གསེབ་ཀྱི་ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བཅས་ཀྱི་མི་སེམས་འགུལ་བའི་རྣམ་པ་བཟང་པོ་ཐོན་ཡོད།

    ཐོན་ལས་དར་རྒྱས།

    འབྲི་གཡག་གསོས་ནས་ཕྱུག་འགྱུར་ལམ་བུར་སྣེ་ཁྲིད་བྱས་པ།

    ཉེ་བའི་ལོ་ཤས་རིང་། རི་བོ་ཆེ་རྫོང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ནོར་གནག་གསོ་སྤེལ་ཐོན་ལས་གཞི་ཁྱོན་ཅན་དང་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུཌ་ཆེན་བཏང་ཞིང་། སྔོན་ཐོན་གྱི་གསོ་སྤེལ་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་དྲངས་པ་བརྒྱུད། ནོར་གནག་གསོ་སྤེལ་གྱི་ཕན་འབྲས་དང་སྤུས་ཚད་མཐོ་རུ་བཏང་ཡོད། རི་བོ་ཆེ་རྫོང་གིས་མུའུ་ཁྲི་ཡན་གྱི་གཟན་རྩྭའི་རྟེན་གཞི་དང་། འབྲི་གཡག་མགོ་གྲངས་ཁྲི་ཡན་ཟིན་པའི་རྒྱགས་གསོའི་རྟེན་གཞི། ཚགས་ཤ་རྒྱ་མ་ཁྲི་བརྒྱ་ཡན་གྱི་ལས་སྣོན་རྟེན་གཞི་བཅས་སྐྲུན་པའི“ཁྲི་གསུམ་ལས་གྲྭ”ལག་ལེན་ཤུགས་ཆེན་བསྟར་བ་དང་། ཆབ་མདོ་གྲོང་ཁྱེར་བོད་ཁྱིམ་ནོར་གནག་མ་རྐང་ཚད་ཡོད་ཀུང་སིར་བརྟེན་ནས“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་འབྲོག་དུད་ཁྱིམ”བཅས་མཉམ་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་མངགས་ཐོ་རྣམ་པའི་ཐོན་སྐྱེད་བྱས་ནས། གཟན་རྩྭ་དང་འབྲི་གཡག་ཕྱིར་ཚོང་གི་དཀའ་གནད་ཐག་གཅོད་གང་ལེགས་ཀྱིས་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    ཆབ་མདོ་གྲོང་ཁྱེར་བོད་ཁྱིམ་འབྲི་གཡག་མ་རྐང་ཚད་ཡོད་ཀུང་སིའི་ཕྱིར་ཚོང་ཅིང་ལི་ཞུས་དབྱི་ཡིས“2018ལོ་ནས་2023ལོའི་བར། ཀུང་སིས་ཉེ་འཁོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་170དང་གྲོས་མཐུན་བཞག་ནས། རིམ་རྩིས་བརྒྱབ་ན་ཁེ་སྤོགས་སྒོར་ཁྲི་161.25བགོས་པས་མི་1200ལ་ཕན་པ་ཐོབ་ཡོད་པ་དང་། 2023ལོར་ཀུང་སིས་རི་བོ་ཆེ་རྫོང་ཉེ་འཁོར་གྱི་མང་ཚོགས་ས་ནས་ནོར་གནག་མགོ་གྲངས་1000ལྷག་ཙམ་ཉོས་པ་དང་ནོར་གནག་རེར་ཆ་སྙོམས་རིན་གོང་སྒོར་ཁྲི་1.2ཙམ་སྤྲད་ཡོད། གཞན་ཡང་ཀུང་སི་དང་རི་བོ་ཆེ་གྲོང་རྡལ་སྤྱང་ངེ་གྲོང་ཚོའི་དབར་དུས་ཡུན་ལོ་5ཡི་རྩྭ་ར་བོགས་གཏོང་གི་གྲོས་མཐུན་བཞག་ནས་ཁྱོན་རྩྭ་རའི་བོགས་དངུལ་སྒོར་ཁྲི་30སྤྲོད་ཀྱི་ཡོད”ཅེས་གསར་འགོད་པར་ཉེ་བའི་ལོ་ཤས་རིང་ཀུང་སིས་ས་གནས་དེ་གའི་གྲོང་མིར་ཡོང་འབབ་བཟང་པོ་བཏོད་པའི་སྐོར་སྤོབས་པ་ཆེན་པོས་ངོ་སྤྲོད་བྱས་བྱུང་།

    གྲོང་གསེབ་བཅོས་སྐྱོང་།

    མཁར་དམར་མདོ་ཤང་གི་མཛེས་སྡུག་ལྡན་པའི་འཕོ་འགྱུར།

    ལོ་མང་རིང་། མཁར་དམར་མདོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཁོར་ཡུག་བཅོས་སྐྱོང་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། རི་ཆུ་ནཌ་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གི་འདུ་ཤེས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། གཞི་ཁྱོན་ཆེ་བའི་ཁོར་ཡུག་གཙང་སྦྲའི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་པར། རིམ་རྩིས་བརྒྱབ་ན་མི་ཐེངས་4000ལྷག་ཙམ་སྐུལ་སློང་བྱས་ཏེ་གཅིག་སྡུད་གཙང་སྦྲ་ཐེངས་60ལྷག་ཙམ་བྱས་པ་དང་། དེ་དང་དུས་མཚུངས“འགྲམ་བཞིར”ཤིང་འཛུགས་དང་། འོས་འགན་ཤིང་འཛུཌ། ཁོར་ཡུག་ཉམས་གསོའི་ལས་གྲྭ་སོགས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མུའུ་800ལྷག་ཙམ་ཟིན་པའི་ནགས་ས་དང་གླིང་ཁར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་སྦྱིན་ཞིང་། ཆབ་མདོ་གྲོང་ཁྱེར་ཞང་ཁྲེང་མཱེ་ལས་ཚད་ཡོད་ཀུང་སིས་མ་དངུལ་སྒོར་ཁྲི་291བཏང་སྟེ་གཟེ་མཱེ་གཏེར་རིའི་སྐྱེ་ཁམས་ཉམས་གསོར་སྤྱད་པ་སོགས་བརྒྱུད། ཤང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་རྒྱ་ཁྱོན་གྱིས་ཤང་སྤྱིའི་རྒྱ་ཁྱོན་བསྡོམས་འབོར་གྱི་97.45%བཟུང་ཡོད་པ་རེད།

    ད་ཆ་མཁར་དམར་མདོ་ཤང་གི་འགྲོ་ལམ་གཙང་ཞིང་། ཁང་པ་གྲལ་སྟར་འགྲིག་ལ། ཆུ་མོ་དྭངས་ཤིང་གཙང་། ཁྱིམ་ཚང་ཚང་མའི་སྒོ་རྩར་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་དང་བསིལ་རླུང་གིས་བསྐྱོད་དེ་དྲི་ཞིམ་འཐུལ། 2023ལོའི་ཟླ་6པར་མཁར་དམར་མདོ་ཤང་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་སྤྲད་པའི“བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་གསེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    རིག་གནས་དང་ཡུལ་སྐོར་མཉམ་འདྲེས།

    སྤྱང་ངེ་གྲོང་ཚོའི་སྤྲོ་སྐྱིད་གླིང་དར་བ།

    སྤྱང་ངེ་གྲོང་ཚོར་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཡོད་མོད། རི་སུལ་ལུང་པར་གནས་པས་སྔོན་ཆད་ཤེས་མཁན་ཧ་ལམ་མེད། 2022ལོའི་ཟླ་7པར་ཉམས་དགའ་བའི་འགྱུར་ལྡོག་ཞིག་བྱུང་ཡོད་དེ། རི་བོ་ཆེ་རྫོང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་ལ་གཞི་བཅོལ་ནས། སྤྱང་ངེ་གྲོང་ཚོའི་དམངས་སྲོལ་སྤྲོ་གསེང་གྲོང་དེ“ཁམས་པའི་མེ་ཏོག་ཡུལ་གྲུའི་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ”གཏོད་པའི་ལས་དོན་ནང་བདེ་བླག་ངང་བཅུག་པ་རེད།

    ལོ་གཅིག་ལྷག་ཙམ་གྱི་རིང་དཀའ་སྤྱད་འབད་བརྩོན་བྱས་མཐར། སྤྱང་ངེ་གྲོང་ཚོར་ཡིད་དུ་འོང་བའི་ཤིང་ཁང་གྲུ་བཞིའི་བཟོ་བཀོད་གྲལ་སྟར་འགྲིག་པོས་བསྐྲུན་ཞིང་། ཁྱིམ་ཚང་ཀུན་གྱི་སྒོ་མདུན་བར་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་བཟོས་པ་མ་ཟད། ལམ་སྒྲོན་གསལ་ལ་འཐུང་ཆུའི་སྒྲིག་ཆས་ལེགས་པ་དང་། ཐོག་ཁའི་རྫ་གཡམ་གསར་རྐྱང་དུ་གྱུར་ནས་ཉམས་འགྱུར་བཟང་པོ་མངོན།

    ད་ཆ་སྤྱང་ངེ་གྲོང་ཚོའི་སྤྲོ་སྐྱིད་གླིང་དེ་ཀུང་སི་ཞིག་གིས་འགན་གཙང་བླངས་ནས་གཉེར་སྐྱོང་བྱས་པ་དང་། ད་ལོའི་ཟླ་4པར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད། ཀུང་སི་དེས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་འགན་གཙང་བླངས་པའི་དངུལ་སྒོར་ཁྲི་10སྤྲོད་ཀྱི་ཡོད་པས་ཕྱོགས་སོ་སོར་ཕན་པ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།