ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་དུ་ཁྱད་ལྡན་རིག་གནས་ལས་ཡུལ་སྐོར་ཡོང་འབབ་མང་དུ་ཕྱིན་པ།
གནའ་བོའི་གྲོང་ཚོ་རྙིང་པ་དང་དེང་རབས་ཅན་གྱི་སྐྲུན་དངོས་གཉིས་མཉམ་དུ་འདྲེས་པ་དང་། ས་བབ་མཐོ་ཚད་སྨི་4700ཙམ་གྱི་ཞིང་ནང་དུ་སྟོན་བསྡུའི་ལས་ལ་བྲེལ་བ། གངས་རིའི་འདབས་སུ་རིན་ཆེན་གཡུ་ལྟར་སྔོ་བའི་དྭངས་ར་གཡུ་མཚོས་བརྒྱན་པ་སོགས་བྱང་རྩྭ་ཐང་གི་མཐིལ་དུ་ཆགས་པའི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་དྭངས་ར་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་། རང་བྱུང་མཛེས་ལྗོངས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པ། དམངས་སྲོལ་གནས་ཚང་གི་ཐོན་ལས་ཉིན་བཞིན་ལེགས་སུ་འགྲོ་བ་བཅས་ལས་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
“ངས་2014ལོར་ཁྱིམ་ཚང་མགྲོན་ཁང་བཙུགས་པ་དང་དེ་ནས་ཡང་2015ལོར་མགྲོན་ཁང་གི་འགྲམ་དུ་ཇ་ཁང་ཞིག་བཙུགས་པས་ལོ་རེར་ཡོང་འབབ་སྒོར་ཁྲི་50ཙམ་ཡོང་གི་འདུག”ཚེ་རིང་དོན་གྲུབ་ཀྱི་ཁྱིམ་ཚང་མགྲོན་ཁང་དེ་དྭངས་ར་གཡུ་མཚོའི་འགྲམ་དུ་ཡོད་པ་དང་ཁྱོན་ཁང་མིག་17ཡོད། “ཁང་པ་དྭངས་ར་གཡུ་མཚོར་ཕྱོགས་ཡོད་པས་མཐོང་རྒྱ་ཆེ་ལ་ཡུལ་ལྗོངས་ཀྱང་ཧ་ཅང་མཛེས་པོ་ཡོད། ལོ་ལྟར་གྱི་ཟླ་9པ་ནས་བཟུང་དེ་གར་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད། ཉིན་ལྟར་མགྲོན་ཁང་ནང་སྡོད་མཁན་ཡུལ་སྐོར་བ་རྫོགས་རྒྱུ་མེད།
ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་བརྒྱུད་འོམ་བུ་ཤང་ལ“ཡུལ་སྐོར་གྱི་ཡོང་འབབ”བྱུང་བའི་མང་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད། མིག་སྔའི་བར་འོམ་བུ་ཤང་དུ་སྒོ་བྱང་བཀལ་ནས་ཐོ་འགོད་བྱས་པའི་ཁྱིམ་ཚང་མགྲོན་ཁང་30དང་ཉལ་ཁྲི་1200ལྷག་ཙམ་ཡོད་པ་མ་ཟད། ཇ་ཁང་དང་ཚོང་ཁང་40ལྷག་ཙམ་ཡང་ཡོད་པ་རེད། 2023ལོར་ཤང་ཡོངས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1.2ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་330ལྷག་ཙམ་བྱུང་ཡོད། 2024ལོའི་ལོ་སྟོད་དུ་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་4000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་156བྱུང་ཡོད།
ཚེ་རིང་དོན་གྲུབ་ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་སྐབས་ཤང་ཡོངས་སུ་ཁྱིམ་ཚང་མགྲོན་ཁང་གཉིས་ལས་མེད། ད་ཆ་འགྲན་རྩོད་ཇེ་ཆེར་ཕྱིན་ནའང་ཚེ་རིང་དོན་གྲུབ་ཀྱི་ཚོང་སྔར་བཞིན་ཡག་པོ་ཡོད། གང་ཡིན་ཟེར་ན་གཞན་དང་མི་འདྲ་བའི་ས་ཁམས་གནས་ཡུལ་དང་གཉེར་སྐྱོང་དོ་དམ་གྱི་ཉམས་མྱོང་ཕུད། ད་དུང་རྒྱུ་རྐྱེན་གལ་ཆེན་གཞན་ཞིག་ཡོད་པ་སྟེ།
ཚེ་རིང་དོན་གྲུབ་ནི་འོམ་བུ་ཤང་འོམ་བུ་ལྷོ་གྲོང་ཚོའི་རྨ་བྱའི་ཞབས་བྲོའི་རྒྱུན་འཛིན་པ་འབའ་ཞིག་དེ་ཡིན་པ་དང་། གྲོང་ཚོའི་ནང་གི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་རིག་གནས་ཀྱི“གྲགས་ཅན་མི་སྣ”ཞིག་རེད། རྨ་བྱའི་ཞབས་བྲོའི་མི་རབས་བཞི་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་གི་ངོས་ནས་ད་ལོ་ལོ་62ལ་སླེབས་པའི་ཚེ་རིང་དོན་གྲུབ་ཀྱིས་ལོ་13ནས་རྨ་བྱའི་ཞབས་བྲོ་སྦྱངས་པ་དང་ད་དུང་མི་གཞན་ལ་ཡང་སློབ་ཀྱི་ཡོད།
“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བའི”བྱེད་སྒོ་བརྒྱུད། ཚེ་རིང་དོན་གྲུབ་ཀྱིས་རྨ་བྱའི་ཞབས་བྲོ་སློབ་གྲྭར་འཁྲབ་པ་དང་། ད་ཆ་རྨ་བྱའི་ཞབས་བྲོ་དེ་འོམ་བུ་དང་ཉི་མ་གཅིག་པུར་འཁྲབ་པ་མ་ཡིན་པར། བོད་བྱང་ཐང་གི་རྒྱ་ཆེའི་སློབ་གྲྭའི་དམིགས་བསལ་གྱི“སློབ་གསེང་ལུས་རྩལ”དུ་གྱུར་ཡོད།
ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་ས་ཁོངས་ཀྱི་ཁྱད་ལྡན་རིག་གནས་དང་ཁ་འབྲལ་ཐབས་མེད། “ལོ་རྒྱུས་ཡུན་རིང་ལྡན་པའི་རྨ་བྱའི་ཞབས་བྲོ་ནི་འོམ་བུ་ཤང་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན”འོམ་བུ་ཤང་གི་ལས་དོན་མི་སྣ་ལི་ཅན་ལིན་གྱིས། དུས་ཡུན་རིང་པོའི་ནང་འོམ་བུ་ཤང་གིས་རང་བྱུང་སྐྱེ་ཁམས་དང་དམངས་སྲོལ་རིག་གནས་ཀྱི་གཙོ་གནད་གཉིས་མངོན་གསལ་དོད་པོ་ཡོང་བར་བྱས་པ་མ་ཟད། ད་དུང་དྭངས་ར་གཡུ་མཚོ་དང་། རྟ་སྒོ་གངས་རི། ཞང་ཞུང་གི་རྡོ་ཁང་། ཁྱུང་རྫོང་གི་གནའ་ཤུལ་སོགས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་གྱི་ནང་དོན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་སྣ་མང་ལས་རིགས་རྒྱ་སྐྱེད་བཏང་སྟེ་མཛེས་ལྗོངས་ཁུལ་དེ་རིག་གནས་ཡུལ་སྐོར་དང་། ལུས་གསོ། སྐྱེ་ཁམས་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་དམིགས་སར་བཏོད་དེ་ཡུལ་སྐོར་བའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པར་བྱས་ཡོད། ན་ནིང་གི་ལོ་མཇུག་ཏུ་དྭངས་ར་གཡུ་མཚོའི་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་གཏོད་ལེགས་གྲུབ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།