ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་གྱི་མཐའ་མའི་འགག་གནད་བསལ་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་པ་དང་ནོར་སྲིད་ཁ་གསབ་བྱེད་ཐབས་བརྒྱུད“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”བྱེད་སྟངས་གསར་གཏོད་བྱས་ནས་གྲོང་གསེབ་ཀྱི་སྦྲག་ཐོག་བསྐུར་མའི་ཟོག་འགྲེམས་མ་ལག་ནུས་ཆེ་དང་། སྟབས་བདེ། བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། གྲོང་གསེབ་ཀྱི་ཟོག་འགྲེམས་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་ངེས་ཅན་གཏོང་རྒྱུའི་འགན་ལེན་བྱས་པ་མ་ཟད། གྲོང་གསེབ་ཀྱི་སྦྲག་ཐོག་བསྐུར་མའི་ཟོག་འགྲེམས་སྡེབ་སྐྱེལ་གྱི་མཐའ་མའི་འགག་གནད་ཐག་གཅོད་ནུས་ལྡན་བྱས་པས། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་འུ་ལུ་སྒང་གྲོང་ཚོའི་སྦྲག་སྲིད་ས་ཚིགས་སུ་སྐྱོད་སྐབས་སྦྲག་སྲིད་མྱུར་སྐྱེལ་རླངས་འཁོར་ཞིག་སྒོ་རའི་ནང་བཞག་ཡོད་པ་དང་རྒྱ་མདའ་ཤང་གི་མྱུར་སྐྱེལ་པ་བསྟན་པས་དངོས་ཟོག་ལེན་པར་ཡོང་མཁན་གྲོང་མིར་ཆ་འཕྲིན་ཞིབ་བསྡུར་དང་བསྐུར་མ་ལེན་རོགས་བྱེད་བཞིན་ཡོད་པ་རེད། བསྐུར་མ་ལེན་པར་ཡོང་མཁན་གྲོང་མི་བདེ་སྐྱིད་གཡུ་སྒྲོན་གྱིས“ན་ནིང་ཡིན་ན་དྲ་ཐོག་ནས་ཉོས་པའི་དངོས་པོ་རྫོང་ངམ་ཡང་ན་ཤང་དུ་ལེན་པར་འགྲོ་དགོས་པས་སྟབས་བདེ་པོ་མི་འདུག ད་ཆ་བསྐུར་མ་ཐད་ཀར་གྲོང་ཚོར་སྐྱེལ་གྱི་ཡོད་པས་དངོས་གནས་སྟབས་བདེ་པོ་འདུག”ཅེས་གསར་འགོད་པར་བཤད།
2023ལོར་ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་འོག་སྦྲག་སྲིད་དོ་དམ་ཅུས་དང་རྫོང(ཆུས་དང་གྲོང་ཁྱེར)ཁག་གི་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་བྱས་ནས་གྲོང་གསེབ་ཀྱི་སྦྲག་ཐོག་བསྐུར་མའི་ཟོག་འགྲེམས་ཀྱི་མཐའ་མའི་འགག་གནད་སེལ་བའི་ཚོད་ལྟའི་ལས་དོན་སྤེལ་བ་རེད། མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁོངས་ཡོངས་སུ་མྱུར་སྐྱེལ་ཞབས་ཞུ་ཁྱབ་ཚད་100%ཟིན་གྱི་ཡོད་པ་རེད།