ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཞོལ་ཁང་སྡེ་ཁུལ་གྱིས“དམིགས་པ་གསུམ”གྱི་འཐབ་ཇུས་ལག་ལེན་བསྟར་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་སྣེ་ཁྲིད་འོག འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“མྱུར་བགྲོད་ལམ་བུའི”ཐོག་བསྐྱོད་པ་དང“དམིགས་པ་གསུམ”གྱི་འཐབ་ཇུས་ཏེ་རྩ་འཛུགས་ཀྱིས་སྣེ་ཁྲིད་དང་། ཐོན་ལས་དར་རྒྱས། གྲོང་གསེབ་བཅོས་སྐྱོང་བཅས་ལ་དམིགས་ནས་གསར་གཏོད་ལག་བསྟར་བྱས་པ་བརྒྱུད། ཞོལ་ཁང་སྡེ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།
རྩ་འཛུགས་ཀྱི་སྣེ་ཁྲིད་ལྟེ་བར་འཛིན་ནས་མཉམ་སྡེབ་དཔལ་འབྱོར་ལས་གསོན་ཤུགས་གསར་པ་ཐོན་ཞིང་། དེ་སྔའི“གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བ”དང་དཔལ་འབྱོར་ཉམས་ཞན་གྱི་གནས་ཚུལ་ལ་དམིགས་ཏེ། ཞོལ་ཁང་སྡེ་ཁུལ་ཏང་ཨུད་དང“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་འགན་འཁྲི་འཁུར་ཕོད་པ་དང་གནད་སྨིན་་ཇུས་བསྟར་གྱིས་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་རི་མཐོའི་འབྲི་གཡག་མཉམ་སྡེབ་གསོ་ཚགས་རྣམ་གྲངས་གསར་པ་ཁྱབ་གདལ་བཏང་ཡོད། “མཉམ་ལས་ཁང་དང་ཞིང་དུད་ཟུང་དུ་འབྲེལ་བའི”མཉམ་ལས་དམ་ཟབ་ཀྱི་བྱེད་སྟངས་བརྒྱུད། མང་ཚོགས་རང་འགུལ་ངང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་འཕྱོངས་འགོ་ནག་གཞུང་རི་མཐོའི་འབྲོག་པ་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་འབྲེལ་ཀྲུང་དབྱང་གི་རོགས་སྐྱོར་དང་རྨང་བརྟན་དམངས་ཕན་གྱི་མ་དངུལ་སྒོར་ཁྲི་550ལྷག་ཙམ་བཏང་ནས། གསོ་ཚགས་ནས་ལས་སྣོན་བར་གྱི་གཅིག་འཐུས་རྣམ་པའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བར། གྲོང་མི་དུད་ཚང་125མ་རྐང་ནང་ཞུགས་པ་དང་གསོ་ཚགས་ཀྱི་གཞི་ཁྱོན་ཐད་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་པ་རེད།
ཐོན་ལས་དར་རྒྱས་སྒུལ་ཤུགས་སུ་གྱུར་ནས་མང་ཚོགས་ཀྱི་ཡོང་འབབ་མངོན་གསལ་དོད་པོས་འཕར་ཞིང་། ཞོལ་ཁང་སྡེ་ཁུལ་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་སྐྱེད་སྲིང་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་འགག་རྩའི་ལྷུ་ཚིགས་སུ་བརྩིས་ནས“སྡེ་ཁུལ་ཏང་ཨུད་དང་། མ་རྐང་དཔལ་འབྱོར་མཉམ་ལས་མཉམ་འབྲེལ་ཁང་། རྐང་བདག གྲོང་མི་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཏེ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པར། གྲོང་མི་རྐང་བདག་ལ་གྱུར་ནས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་ཡོད། མིག་སྔའི་བར་མཉམ་ལས་ཁང་དུ་ལག་ཡོད་འབྲི་གཡག་མགོ་གྲངས་624ཡོད་པ་དེས་ས་གནས་དེ་གའི་ལས་ཞུགས་ལ་ཐད་ཀར་སྐུལ་ཁྲིད་ཐུབ་པ་མ་ཟད། རྐང་བདག་ལ་ཁེ་སྤོགས་སྒོར་ཁྲི་16.09བགོས་པས་གྲོང་མིའི་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
གྲོང་གསེབ་བཅོས་སྐྱོང་རྨང་རྡོར་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་ཅིང་། ཞོལ་ཁང་སྡེ་ཁུལ་གྱིས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། “གསང་སྤྱོད་གསར་བརྗེ”དང་། མི་ཕྱུགས་ལོགས་དབྱེ། ཨར་འདམ་ལམ། བཙོག་ཆུ་བཅོས་སྒྲིག་སོགས་གཙོ་གནད་ཁྱབ་ཁོངས་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་པས། གྲོང་གསེབ་ཀྱི་གྲོང་མིའི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་མི་ཕྱུགས་ལོགས་དབྱེ་བྱེད་ཚད་100%ཟིན་ཡོད། ཏང་ཡོན་མང་ཚོགས་107གྲོང་ཚོའི་ཁོར་ཡུག་མཛེས་བཟོའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ“ཏང་ཡོན་གྱིས་སྣེ་ཁྲིད་ནས་སྒྲུབ་པ་དང་མང་ཚོགས་ཀྱིས་མཉམ་དུ་སྒྲུབ་པའི”རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་བཏང་ཡོད།