ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་ཞིང་པར་ལོ་ལེགས་བྱུང་བར་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་བ།
ལོ་ལེགས་བྱུང་བར་རྟེན་འབྲེལ་དང་། ས་མཐོའི་ཞིང་འབྲོག་རིག་གནས་དར་སྤེལ་གཏོང་བ། ཞིང་འབྲོག་མང་ཚོགས་རྣམས་ཞིང་འབྲོག་ལས་ཐོན་སྐྱེད་ནང་ཧུར་ཐག་ཞུགས་པར་སྐུལ་སློང་བཅས་བྱ་ཆེད། ཉེ་ཆར། སྤོ་བོ་རྫོང་གིས“ལོ་ལེགས་བྱུང་བར་རྟེན་འབྲེལ་དང་། ཏང་གི་བཀའ་དྲིན་ཚོར་བ། དར་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་བྱས་པའི་ཞིང་པར་ལོ་ལེགས་བྱུང་བར་རྟེན་འབྲེལ་གྱི་བྱེད་སྒོ་དེ་གསུམ་འཛོམས་གྲོང་རྡལ་རྣ་གཡུ་གྲོང་ཚོའི་མུའུ་སྟོང་གི་འབྲུ་རིགས་ཐོན་འབབ་མཐོ་བ་དང་ཕན་འབྲས་ཆེ་བའི་རྟེན་གཞིར་སྤེལ་བ་རེད། སྤོ་བོ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་། རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས། རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུའི་རུ་ཁག ས་གནས་དེ་གའི་མང་ཚོགས་སོགས་ཁྱོན་མི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། མང་ཚོགས་ཀྱིས་ལག་ཏུ་ཕྱེ་མར་བཏེགས་པ་དང་ལོ་ལེགས་བྱུང་བའི་གླུ་དབྱངས་ལེན་བཞིན་ཕན་ཚུན་མཆོད་ཆང་བཀྱགས་པ་སོགས་བྱས་རྗེས། ཚང་མ་ལྷན་དུ་བཙས་མ་བརྔ་འགོ་ཚུགས་པ་དང་འབྲུ་རིགས་བསྡུ་བ་སོགས་ཞིང་པར་ལོ་ལེགས་བྱུང་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་མཉམ་དུ་སྤེལ་བ་རེད། བྱེད་སྒོར་ད་དུང་བཙས་མ་བརྔ་བ་དང་། འབྲུ་དོ་པོ་འགྱོག་པ། ཐག་པ་འཐེན་པ་སོགས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་འགྲན་བསྡུར་རྣམ་གྲངས་མང་དག་ཅིག་བཀོད་སྒྲིག་བྱས་ཡོད། རྣམ་གྲངས་དེ་དག་གིས་འགྲན་ཞུགས་མང་ཚོགས་ཚོའི་རྩལ་ནུས་དང་ལུས་སྟོབས་ལ་ཚོད་བགམ་བྱས་ཡོད་ལ་ས་གནས་དེ་གའི་སོ་ནམ་རིག་གནས་ཀྱི་ནང་དོན་ཟབ་མོ་དང་མཉམ་འདྲེས་ཀྱང་བྱས་ཡོད་པས། བྱེད་སྒོར་སྤྲོ་སེམས་འཕེལ་བ་དང་མྱོང་རོལ་བྱེད་པའི་རང་བཞིན་ཆེན་པོ་ཡོད་པ་རེད།