བོད་ཕག་གསོས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།
ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་སྨད་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་ལྷོ་ངོགས་སུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་3050ཟིན་གྱི་ཡོད། དེ་གར་འགྲིམ་འགྲུལ་སྟབས་བདེ་བ་དང་ཡུལ་ལྗོངས་ལྟ་ན་སྡུག་པ་མ་ཟད། བོད་ཕག་གསོ་ཚགས་བྱེད་པར་ཧ་ཅང་འཚམ་པའི་ས་ཆ་ཞིག་རེད། བོད་ཕག་གི་སྐོར་གླེང་མ་ཐག་ཏུ་བོད་ཕག་གི་ཤ་བཟའ་རྒྱུར་དགའ་མཁན་རྣམས་ཕལ་ཆེར་རང་དབང་མེད་པར་འགྲམ་ཆུ་ལྡང་སྲིད། ཆུ་མིག་གི་ཆུ་འཐུང་བ་དང་རི་སྐྱེས་སྨན་རྩྭ་བཟས་ནས་འཚར་བའི་བོད་ཕག་གི་པགས་པ་སྙི་ལ་ཤའི་བྲོ་བ་ཡག་པ་དང་། ཚི་ལུ་འདུས་ཚད་ཉུང་བས། དེ་ནི་མི་མང་པོས་དགའ་པོ་བྱེད་སའི་བཟའ་བཅའ་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཕག་གསོ་ཚགས་བྱ་རྒྱུ་དེ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྨད་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུར་གྱུར་ཡོད། 2020ལོར། སྨད་གྲོང་ཚོའི་དུད་ཚང་59ཡི་ཡུལ་མི་ཚོས་གྲོང་ཚོའི་འགོ་ཁྲིད་ཚན་ཁག་གིས་བཏོན་པའི་གྲོས་འགོ་ལྟར། དུད་ཚང་ཚང་མས་མ་དངུལ་སྒོར་3000བཏོན་པར་ཁྱོན་སྒོར་ཁྲི་16.8གྲབས་གསོག་ཐུབ་ཅིང་། དེའི་ཐོག་ཏུ་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་ཁྲི་212.53སྤྱད་དེ། སྨད་གྲོང་ཚོའི་དམངས་ཕན་འདེབས་འཛུགས་དང་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། བོད་ཕག་གསོ་ཚགས་བྱས་ནས་ཡུལ་མི་རྣམས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ཡོད།
སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་སྨད་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བཀྲ་ཤིས་སྒྲོལ་མས། ང་ཚོའི་བོད་ཕག་ཚོར་གདོད་མའི་རྣམ་པའི་ཅུང་ཁ་ཐོར་རང་བཞིན་གྱི་གསོ་ཚགས་བྱེད་ཐབས་སྤྱོད་པ་དང་། གཟན་ཆས་གཙོ་བོ་མ་རྨོས་ལོ་ཏོག་ཡིན་སྟབས། ཁྲོམ་རར་མཁོ་སྤྲོད་མི་འདང་བའི་ཚད་ལ་ཐོན་ཡོད། ད་ལྟ་དུད་ཚང་59ཡི་ཡུལ་མིས་ཐུན་མོང་ཐོག་འདེབས་འཛུགས་དང་གསོ་ཚགས་མཉམ་ལས་ཁང་ལ་དོ་དམ་བྱེད་བཞིན་ཡོད་ཅེས་བརྗོད།
རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ལོ་མཇུག་ནས་བཟུང་མཉམ་ལས་ཁང་དེར་ཕན་འབྲས་ཐོན་འགོ་ཚུགས་པ་དང་། 2021ལོའི་ལོ་མཇུག་ཏུ་དུད་ཚང་ཚང་མར་སྒོར་ཁྲི་1གི་ཁེ་སྤོགས་བགོ་བཤའ་བརྒྱབ་ཡོད། མིག་སྔའི་བར་དུ། མཉམ་ལས་ཁང་གི་གསོ་ཚགས་རྟེན་གཞིའི་ས་བཟུང་རྒྱ་ཁྱོན་སྨི་གྲུ་བཞི་མ་1600ཟིན་ཞིང་། གསོ་ཚགས་ཀྱི་གཞི་ཁྱོན་ཡང་ཐོག་མའི་བོད་ཕག་མགོ་གྲངས་300ནས་ད་ལྟའི་མགོ་གྲངས་525བར་མང་དུ་ཕྱིན་པའི་ཁྲོད་དུ། བོད་ཕག་རྒན་པ་མགོ་གྲངས་410དང་ཕག་ཕྲུག་120ལྷག་ཙམ་ཡོད།
སྨད་གྲོང་ཚོའི་བོད་ཕག་གསོ་ཚགས་ལས་རིགས་ཀྱིས་ཡུལ་མི་ཚོ་འབྱོར་འབྲིང་གི་ལམ་བུར་སྐྱོད་པར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཆབས་ཅིག ཉེ་འཁོར་གྱི་ཡུལ་མི་གཞན་ལའང་འགྲམ་ཆུ་ལྡང་དུ་བཅུག་ཡོད། མཉམ་ལས་ཁང་གི་འགན་འཁུར་བས། བོད་ཕག་གསོ་ཚགས་ལས་རིགས་དེ་ཉེ་འཁོར་གྱི་གྲོང་ཚོར་རིམ་གྱིས་ཁྱབ་གདལ་བཏང་ནས། ཞིང་འབྲོག་མང་ཚོགས་དེ་བས་མང་བ་འབྱོར་འབྲིང་གི་ལམ་ཆེན་ཐོག་གི“མྱུར་བགྲོད་རླངས་འཁོར”ལ་ཞུགས་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།
སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་སྨད་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བཀྲ་ཤིས་སྒྲོལ་མས། ང་ཚོའི་མཉམ་ལས་ཁང་དེ་གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་གཅིག་གྱུར་དོ་དམ་བྱེད་བཞིན་ཡོད། གལ་ཏེ་དོན་ཆེན་ཕྲད་ཚེ། མ་རྐང་ལ་ཞུགས་པའི་དོ་བདག་གིས་མཉམ་དུ་གྲོས་བསྡུར་དང་ཐག་གཅོད་བྱེད་པ་དང་། དེ་རྗེས་མཉམ་ལས་ཁང་གིས་དོན་གཉེར་བྱེད་ཀྱི་ཡོད། མཉམ་ལས་ཁང་གིས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་རྒྱ་བསྐྱེད་ནས། འབབ་འཕར་གྱི་དམིགས་ཚད་མངོན་འགྱུར་ཐུབ་པར་བྱས་ཡོད་ལ། ལས་དོན་མི་སྣ་གཉིས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱས་པར། མི་གཅིག་གིས་ལོ་རེར་གླ་ཆ་སྒོར་ཁྲི་3.6ལེན་ཆོག་གི་ཡོད། གོམ་སྟབས་རྗེས་མར། མཉམ་ལས་ཁང་གིས་གོམ་གང་མདུན་སྤོས་ཀྱིས་གསོ་ཚགས་ར་བའི་གཞི་ཁྱོན་རྒྱ་སྐྱེད་བཏང་ནས། བོད་ཕག་གི་ཐོན་ལས་ཚད་ལྡན་ཅན་དང་། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་ལ་ནུས་པ་འདོན་རྒྱུ་རེད།