ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས“འབྲོག་གསུམ་མཉམ་འགུལ”གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས།“ཁྲི་སྟོང་ལས་གཞི”དང“སྐྱེ་ཁམས་རིག་ལྡན་སྤུས་ལེགས་གྲོང་ཁྱེར”བཏོད་པའི་ཉམས་མྱོང་དང་བསམ་ཕྱོགས་དཔྱད་གཞིར་བཟུང་སྟེ། ཡུལ་བབ་དང་བསྟུན་ནས“འབྲོག་ར་ཆེན་པོ་དང་། གྲོང་རྡལ་ཆུང་གྲས། མཉམ་ལས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག སྐུལ་ཁྲིད་ཤུགས་ཆེན། དམངས་འཚོར་ཕན་པ”བཅས་རྨང་གཞིར་བྱས་པའི“འབྲོག་གསུམ་མཉམ་འགུལ”གྱི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ཡོད།
“འབྲོག་གསུམ་མཉམ་འགུལ”ཞེས་པ་ནི་འབྲོག་ལས་དང་། འབྲོག་ཁུལ། འབྲོག་པ་བཅས་གསུམ་དབར་འབྲེལ་བ་དམ་ཟབ་དང་ཕན་ཚུན་མཉམ་འགུལ་བྱེད་པར་ཟེར་བ་དང་། དེའི་དམིགས་ཡུལ་ནི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཁྲོམ་རའི་ལམ་སྲོལ་བརྒྱུད་འབྲོག་ཁུལ་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་འབྲོག་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་དང་སྤུས་ཚད་མཐོ་རུ་བཏང་སྟེ་མཐར་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཆེད་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གསེར་རྙེད་ཆུས་ཀྱིས་ནག་ཆུ་གྲོང་རྡལ་གྱི་ནོར་སྒང་གྲོང་ཚོ་དང་། ལྷོ་མ་གྲོང་རྡལ་གྱི་ཁེ་དམར་གྲོང་ཚོ། རྟ་ཆེན་ཤང་གི་ཞྭ་པད་གྲོང་ཚོ་བཅས་ཚོད་ལྟའི་གྲོང་ཚོར་བརྩིས་ནས་འབྲི་གཡག་དང་། རྩྭ་ར། ངལ་རྩོལ་ནུས་ཤུགས་སོགས་ཐོན་ཁུངས་གཙོ་བོ་བསྡུ་སྒྲིལ་བྱས་པ་བརྒྱུད། རྩྭ་ར“སིལ་ཧྲུག་ཅན”དང་། གྲོང་གསེབ“ཁ་ཐོར་ཅན” འཕེལ་རྒྱས“འདྲ་མཚུངས་ཅན”བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། འབྲོག་ལས་ཁྱོན་ཡོངས་ནས་རིམ་སྤོར་དང་། འབྲོག་ཁུལ་ཁྱོན་ཡོངས་ནས་ཡར་ཐོན། འབྲོག་པ་ཁྱོན་ཡོངས་ནས་འཕེལ་རྒྱས་བཅས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།
གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱ་རྒྱུ་དེ་གསེར་རྙེད་ཆུས་ཀྱི“འབྲོག་གསུམ་མཉམ་འགུལ”སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་འགན་ལེན་གལ་ཆེན་ཞིག་ཡིན་པའི་ངོས་ནས། གསེར་རྙེད་ཆུས་ཀྱིས་2023ལོར་གོང་གསལ་གྱི་ཚོད་ལྟའི་གྲོང་ཚོ་གསུམ་ལ་དམིགས་ནས་སྒྲིག་སྦྱོར་རྣམ་པའི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་། ཁྱོན་སྟར་སྒྲིག་རྣམ་པའི་རྟ་སྒ་ཆ་སྒྲིག་གི་མང་ཚོགས་སྡོད་ཁང་153བསྐྲུན་རྒྱུའི་འཆར་འགོད་བྱས་པར་མ་དངུལ་བསྡོམས་འབོར་སྒོར་ཁྲི་9178.57བཏང་བ་རེད། མིག་སྔར་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་གྱི་གཞི་ཁྱོན་རགས་ཙམ་ཆགས་ནས་ནོར་སྒང་གྲོང་ཚོའི་ཞིང་འབྲོག་དུད་ཚང་85ལ་རྒྱན་བརྒྱབ་ནས་ཁང་པ་བགོས་ཡོད་པ་རེད།
དེ་དང་ཆབས་ཅིག“འབྲོག་གསུམ་མཉམ་འགུལ”གྱི་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། གསེར་རྙེད་ཆུས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་རེ་ཞུའི་ནང་ཚོད་ལྟའི་གྲོང་ཚོའི་ཆུ་མཁོ་འདོན་དང་། དྲོད་རླངས་མཁོ་འདོན། རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས། བུ་བཅོལ་ཁང་། ལུས་སྦྱོང་ལུས་རྩལ་ར་བ། འཕྲོད་བསྟེན་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་ལས་གྲྭ་འཛུགས་སྐྲུན་ལ་སྤྱི་འདོམས་བསམ་གཞིག་བྱས་པ་མ་ཟད། ད་ཡོད་ཀྱི་གྲོང་གསེབ་དར་རྒྱས་དང་དམངས་འཚོ་འགན་ལེན་གྱི་རྣམ་གྲངས་དཔེ་སྟོན་གྲོང་ཚོ་དང་འཚམ་པར་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བའི་དེང་རབས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་ཞིག་གཏོད་རྩིས་ཡོད་པ་རེད། མིག་སྔའི་བར། ཚོད་ལྟའི་གྲོང་ཚོ་གསུམ་གྱི་དམངས་འཚོའི་རིགས་ཀྱི་རྣམ་གྲངས་ཁྱོན་14ལག་བསྟར་དོན་འཁྱོལ་བྱས་ཤིང་། དེ་དག་བོད་སྐྱོར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་། གྲོང་གསེབ་དར་རྒྱས་སྦྲེལ་མཐུད། “འབྲོག་གསུམ་མཉམ་འགུལ”གྱི་རང་གྲབས་མ་དངུལ་སོགས་དང་འབྲེལ་བ་ཡོད་པ་དང་ཁྱོན་སྒོར་དུང་ཕྱུར་2.15བཏང་ཡོད།
འབྲོག་ལས་ནི“འབྲོག་གསུམ་མཉམ་འགུལ”ལག་བསྟར་བྱེད་པའི་ཆེས་རྨང་གཞིའི་ཐོན་ལས་ཤིག་ཡིན་པའི་ངོས་ནས་དེའི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ནི་སྒྱུར་བཅོས་ཚོད་ལྟ་ལེགས་གྲུབ་ཡོང་བར་འགན་ལེན་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། གསེར་རྙེད་ཆུས་ཀྱི་ཚོད་ལྟའི་གྲོང་ཚོ་གསུམ་ནི་མཐོ་གྲང་འབྲོག་ཁུལ་གྱི་སྒྲིག་སྦྱོར་རྣམ་པའི་ཕྱུགས་རིགས་སྤྱིལ་བུ་དང་གསེར་རྙེད་ཆུས་ཉང་གཡག་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་སོགས་འབྲོག་ལས་ཐོན་ལས་རྣམ་གྲངས་6དང་འབྲེལ་བ་ཡོད་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.3བཏང་བ་རེད། མིག་སྔའི་བར། ལག་རྩལ་སྒྲིག་ཆས་སྔོན་ཐོན་དང་། ཐོན་སྐྱེད་རྒྱུ་ཆ་གཅིག་སྡུད། གཉེར་སྐྱོང་གཞི་ཁྱོན་ཆེར་གཏོང་། ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་བཅས་ཀྱི་འཕེལ་རྒྱས་ཀྱི་བཀོད་པ་གཞི་རྩའི་ཆ་ནས་ཆགས་ཡོད།
ལྷག་པར་དུ་རིག་ལྡན་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཐད་གསེར་རྙེད་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.21བཏང་ནས་གསེར་རྙེད་ཆུས་ཀྱི་ཤང་དང་གྲོང་རྡལ་12དང་སྲིད་འཛིན་གྲོང་ཚོ་134ལ་ཁྱབ་པའི་རིག་ལྡན་འབྲོག་ལས་མ་ལག་བསྐྲུན་རྩིས་ཡོད་པ་རེད།