དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གནའ་གྲོང་ས་སྐྱས་རིག་གནས་ཀྱི་ཉིང་བཅུད་ལ་བརྟེན་ནས་5Aརིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་པའི་ལམ་ལ་ཞུགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-16

    ཡངས་ཤིང་རྒྱ་ཆེ་བའི་བོད་ཡུལ་གྱི་ས་གཞི་ཆེན་པོའི་སྟེང་།  གནའ་དེང་གཉིས་ཀྱི་ཉམས་དང་ལྡན་པའི་ས་སྐྱ་གནའ་གྲོང་གིས་སྐྱེ་བོ་མང་པོའི་ཡིད་དབང་འཕྲོག   དེར་གནས་པའི་དཔལ་ས་སྐྱ་དགོན་ནི་རིག་དངོས་དང་རིག་གནས་ཀྱིས་ཕྱུག་ཤིང་། མི་རྣམས་ཀྱི་འདྲེན་བྱེད་དབང་པོར་ལྟ་བས་མི་ངོམས་པའི་སྟོན་མོ་བཤམས་བཞིན་ཡོད་ལ།  ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གལ་ཆེའི་གནས་བབ་ཀྱང་བཟུང་བཞིན་ཡོད།  

    དཔལ་ས་སྐྱ་དགོན་དུ་ཡོད་པའི་དཔེ་ཆ་དང་།  ལྡེབས་རིས།  སྐུ་འདྲ། དཀར་ཡོལ་སོགས་ནི་ཀྲུང་ཧྭའི་མི་རིགས་ཁག་གི་རིག་གནས་མཉམ་འདྲེས་ཀྱི་མཚོན་རྟགས་ཡིན་ལ།  དགོན་པར་གྲངས་ཀྱིས་མི་ལང་བའི་རིག་དངོས་དང་བསྟན་བཅོས་ཉར་ཚགས་བྱས་ཡོད་པ་རེད།   ས་སྐྱ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་བཀྲ་ཤིས་ཀྱིས་དང་ཐོག་ང་ཚོར་དཔལ་ས་སྐྱ་དགོན་གྱི་གཅེས་ནོར་ཆོས་དུང་དཀར་པོ་རྒྱང་གྲགས་ངོ་སྤྲོད་བྱས།   ཆོས་དུང་དཀར་པོ་རྒྱང་གྲགས་དེ་ཉིད་ལོ་རྒྱུས་ཡུན་རིང་ལྡན་ཞིང་།  སྟོན་པ་ཤཱཀྱ་མུ་ནེས་ཆོས་གསུང་སྐབས་སྤྱོད་པའི་ཆོས་ཆས་ཤིག་ཡིན་ཞིང་།  ཕྱིས་རྒྱ་གར་ནས་གཅིག་ལ་གཅིག་བརྒྱུད་ཀྱིས་ཀྲུང་གོར་སླེབས།   1253ལོར་ཧོར་ཇིང་གེར་རྒྱལ་པོའི་སྲས་ཧུ་པི་ལི་སེ་ཆེན་ཧན་གྱིས་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པ་མཆོད་གནས་སུ་གདན་དྲངས་ནས། གསང་སྔགས་ཀྱི་དབང་ཐེངས་གསུམ་པ་ཞུས་པའི་དབང་ཡོན་དུ་ཆོས་དུང་དཀར་པོ་རྒྱང་གྲགས་དེ་ཕུལ་ཞེས་པའི་བཤད་སྲོལ་ཡོད་པར་གྲགས།

    དཔལ་ས་སྐྱ་དགོན་གྱི་འདུ་ཁང་ནང་བླ་མ་འཕགས་པའི་སྐུ་དུས་སུ་བོད་ཀྱི་ཡིག་མཁན་མང་པོའི་སོར་མོའི་འདུ་བྱེད་ལས་འཁྲུངས་པའི་ལག་བྲིས་ཀྱི་གསེར་དངུལ་སོགས་ལས་བྲིས་པའི་ཆོས་ཀྱི་པོ་ཏི་བརྩིགས་ཡོད་དེ།  ཕྱི་ས་རྡོའི་རྩིག་པ་ཞིག་ཀྱང་ནང་ཆོས་ཀྱི་རྩིག་པ་མ་ཞིག་པའི་བཤད་སྲོལ་ཡང་ཡོད། པོ་ཏིའི་རྩིག་པ་དེར་ལོ་ངོ་800ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། བསྡོམས་དཔེ་ཆ་ཁྲི་8.4ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དང་།  དེར《བཀའ་འགྱུར》དང་《བསྟན་འགྱུར》སོགས་བཞུགས་ཡོད་པ་མ་ཟད།  ཡོན་རྒྱལ་རབས་དང་ཡོན་རྒྱལ་རབས་གོང་གི་ནང་བསྟན་ཆོས་ལུགས་ཀྱི་གསུང་རབ་ཁྲི་ཡན་བཞུགས་ཡོད་པ་རེད།    

    9da3eed58290d494421186db096d67c.jpg

    དཔལ་ས་སྐྱ་དགོན་གྱི་པོ་ཏིའི་རྩིག་པ།

    དཔལ་ས་སྐྱ་དགོན་གྱི་ཉར་ཚགས་བྱས་པའི་བྲིས་མ་དང་པར་མའི་ནང་རྒྱ་ཡིག་དང་།  བོད་ཡིག  སོག་ཡིག  ལེགས་སྦྱར་ཡེ་གེ་སོགས་མི་རིགས་མི་འདྲ་བའི་ཡིག་རིགས་ཡོད་ལ།  གསོ་བ་རིག་པ་དང་། གནམ་རིག་སྐར་རྩིས། རྣམ་ཐར་རྟོགས་བརྗོད། ཚད་མའི་གཞུང་། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་ལ་སོགས་པའི་དཔེ་ཆ་མི་ཉུང་བ་ཞིག་བཞུགས་ཡོད་པ་རེད། 

    བསོད་ནམས་བཀྲ་ཤིས་ཀྱིས “ས་སྐྱ་ནི་བོད་ལྗོངས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཡིན་ཞིང་།   མ་གཞི་ས་སྐྱའི་གནས་ཡུལ་ཅུང་ཟད་ཐག་རིང་བ་དང་།  ས་བབ་ཀྱང་བལྟོས་བཅས་ཀྱིས་མཐོ་ཙམ་ཡོད་མོད།  འོན་ཀྱང་དེ་ནི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ལ་བརྩིས་ཀྱང་ཆོག   ས་སྐྱའི་ཡུལ་སྐོར་ནི་ཁྲེང་ཏུའི‘ཡངས་དོག་སྲང་ལམ’མིན་ལ།  ཡུན་ནན་གྱི‘ལི་ཅང་གནའ་གྲོང’ཡང་མིན་པར།   དེ་ནི་འཚོལ་ཞིབ་ཀྱི་བརྒྱུད་རིམ་ཞིག་དང་ལོ་རྒྱུས་དང་རིག་གནས་སྐོར་གྱི་ཡུལ་སྐོར་ཞིག་ཡིན་དགོས”ཞེས་ཡིད་ཆེས་བརྟན་པོས་བཤད།  

    2019ལོ་ནས་བཟུང་ས་སྐྱ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཕྱི་ཕྱོགས་སུ་ས་སྐྱའི་རིག་གནས་ཡུལ་སྐོར་ཁྱབ་གདལ་གཏོང་འགོ་བཙུགས་ཏེ།  ཧྲང་ཧའེ་དང་ཡུན་ནན།  ཤིས་ཨན།  ཁྲུང་ཆིང་སོགས་སུ་བསྐྱོད་ནས་ས་སྐྱའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད་པ་རེད།   ལྷག་པར་དུ་འདི་ལོའི་སྤྱི་ཟླ་4པར་རྒན་ཡུས་མིན་ཧུང་གིས་ཐད་གཏོང་ཁང་ནང་ས་སྐྱ་གནའ་གྲོང་གི་གཏིང་ཟབ་པའི་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་དྲ་གྲོགས་མང་པོ་ཞིག་གི་དོ་ཁུར་དང་དགའ་བསུ་ཐོབ་ཡོད་པ་མ་ཟད།  ཁོ་ཚོའི་བློ་ཁ་ཡང་བཀུག་ཡོད་པ་རེད།   

    “ སྐབས་དེར་ཐད་གཏོང་བྱེད་སྐབས་ང་སེམས་འགུལ་ཆེན་པོ་ཐེབས་བྱུང་།  རྒྱ་ཆེའི་དྲ་གྲོགས་ཚོའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དེ་ནི་ས་སྐྱའི་ལོ་རྒྱུས་དང་རིག་གནས་ལ་མོས་སེམས་དང་དགའ་ཞེན་བྱས་པ་ཞིག་ཡིན་ལ། དེས་ས་སྐྱའི་ལོ་རྒྱུས་དང་རིག་གནས་དེ་བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ཚད་འཛིན་ས་གསར་པ་ཞིག་ཏུ་གྱུར་རྒྱུའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང”ཞེས་བསོད་ནམས་བཀྲ་ཤིས་ཀྱིས་བཤད།  

    44b4e62fdc003e107f0ed73d094df28.jpg 

    དཔལ་ས་སྐྱ་དགོན་གྱི་ཟུར་གཅིག

    དམིགས་ཚད་དེ་མངོན་འགྱུར་ཡོང་ཆེད།  ས་སྐྱ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་དེར་དམིགས་པའི་འཆར་གཞི་རབ་དང་རིམ་པ་བཏིང་ཞིང་།  མིག་སྔར་ས་སྐྱ་གནའ་གྲོང་ལ་4Aརིམ་པའི་མཛེས་ལྗོངས་ཁུལ་གཉིས་དང་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་གཅིག་ཡོད་པའི་ཁར།  ད་དུང་ཁོང་ཚོས་རིག་གནས་ཡུལ་སྐོར་གྱི་དྲིལ་བསྒྲགས་འོས་སྦྱོར་དང་།  མཁྲེགས་ཆས་སྒྲིག་བཀོད་འཛུགས་སྐྲུན།  བཟའ་བཏུང་རིག་གནས་གསར་གཏོད།  གནའ་གྲོང་གི་ཉམས་འགྱུར་སྲུང་སྐྱོང་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་རྒྱུ་ཡིན་པ་རེད།  དཔེར་ན་མཁྲེགས་ཆས་ཀྱི་སྒྲིག་བཀོད་ཐད་ས་སྐྱ་གནའ་གྲོང་དུ་གྲགས་ཅན་གྱི་དམངས་སྲོལ་གནས་ཚང་གི་ཁེ་ལས་སྲོང་བཙན་མགྲོན་ཁང་སོགས་ནང་འདྲེན་བྱས་ནས། ཡུལ་སྐོར་བའི་ཞག་སྡོད་གྱི་མྱོང་བ་ཡག་ཏུ་གཏོང་རྒྱུ་ཡིན་པ་དང་།  མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་རྣམ་གྲངས་འཚོལ་ཞིབ་བྱ་རྒྱུ།  དཔེར་ན།  ཡོན་རྒྱལ་རབས་སྐབས་ཀྱི་གྲོད་པ་ཤ་བཏུམས་སོགས་བཤམས་ནས་ཡུལ་སྐོར་བར་ཞིམ་ཟས་ཀྱི་བྲོ་བ་མྱོང་བ་དང་དུས་མཚུངས་ས་སྐྱ་གནའ་གྲོང་གི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱང་ཚོར་ཐུབ་པ་བྱ་རྒྱུ་ཡིན་པ་རེད།   

    དེ་བས་ཁོང་ཚོས“ས་སྐྱའི་མདོག་གསུམ”ཞེས་ས་སྐྱའི་རིག་གནས་མཚོན་པའི་འདུ་ཤེས་གཏོད་པ་དང་། འདུ་ཤེས་དེ་གནའ་གྲོང་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཕྱོགས་གང་ཅིའི་ཐད་ཁྱབ་པ་བྱས་ཡོད།  བསོད་ནམས་བཀྲ་ཤིས་ཀྱིས“ལོ་རྒྱུས་ཐོག‘ས་སྐྱའི་མདོག་གསུམ’ཞེ་ན་བློ་གྲོས་དང་།  བྱམས་བརྩེ།  སྟོབས་ཤུགས་མཚོན་གྱི་ཡོད།  ད་ཆ་ང་ཚོས་དེར་དུས་རབས་དང་མཐུན་པའི་ནང་དོན་གསར་པ་བསྣན་ཡོད་དེ། དེས་ས་སྐྱའི་གནའ་གྲོང་གི་དམིགས་བསལ་རང་བཞིན་དང་།  རིག་གནས་རང་བཞིན།  ས་གནས་རང་བཞིན་བཅས་མཚོན་གྱི་ཡོད་པས། ཡུལ་སྐོར་བ་ཚང་མས་ས་སྐྱའི་དམིགས་བསལ་གྱི་རིག་གནས་སྣང་ཚུལ་དེ་ཚོར་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།  

    ed2faca34e1e7fb175499d8ca93d525.jpg

    དཔལ་ས་སྐྱ་དགོན་གྱི་ཟུར་གཅིག

    5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་།  ས་སྐྱའི་གནའ་གྲོང་ལ་འགྲན་སློང་མང་པོ་འཕྲད་ཡོད་ལ་དེ་བཞིན་དུ་གོ་སྐབས་ཀྱང་མང་པོ་ཐོབ་ཡོད།  དེ་གང་ལགས་ཞེ་ན།  ས་སྐྱའི་གནའ་གྲོང་དེ་མཛེས་ལྗོངས་དང་གྲོང་ཁུལ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་མཛེས་ལྗོངས་ཁུལ་དུ་བཏོད་རྒྱུ་ཡིན་པ་དང་།  མི་དེ་བས་མང་བས་ས་སྐྱར་ཤེས་རྟོགས་དང་ས་སྐྱར་དགའ་ཞེན་བྱེད་ཐུབ་པའི་ཡིད་ཆེས་ཡོད་ལ་ཆོད་སེམས་ཀྱང་ཡོད”ཅེས་བཤད།  ཁོང་ཚོས་རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ས་སྐྱའི་གནའ་གྲོང་དེ་5Aརིམ་པའི་མཛེས་ལྗོངས་ཁུལ་དུ་བསྐྲུན་ནས་ཡུལ་སྐོར་བར་ཐུན་མོང་མ་ཡིན་པའི་ཡུལ་སྐོར་གྱི་མྱོང་བ་གསར་པ་ཞིག་བཏོད་ཐབས་བྱ་བཞིན་ཡོད།   

    (གསར་འགོད་པ། བདེ་སྐྱིད་བུ་ཁྲིད། ཚེ་བརྟན་རྡོ་རྗེ།  བདེ་སྐྱིད་སྒྲོལ་དཀར། གྲགས་པ་དབང་ཆེན། བདེ་ཆེན་དགྲ་འདུལ། )

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།