འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ལྗང་མདོག་དངུལ་རྩས་ས་མཐོའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཆེན་པོར་རམ་འདེགས་བྱས།
འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་ན་འོད་ཤུགས་སོགས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དག་ནུས་རྒྱུ་གཙོ་བོར་གྱུར་ཞིང་། མཚོ་བོད་ས་མཐོའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་ཡང་ནུས་རྒྱུ་གཙང་མའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་དུ། འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ནག་ཆུ་འོ་མ་དེང་དགེ་རླུང་གློག་ར་བའི་རྣམ་གྲངས་ཀྱིས་ས་གནས་དེ་གའི་མང་ཚོགས་ཚོའི་དགུན་ཁར་དྲོད་ལེན་དཀའ་བའི་གནད་དོན་བསལ་བ་མ་ཟད། ལྗང་མདོག་གློག་ཤུཌ་མཁོ་སྤྲོད་བརྟན་པོའང་བྱུང་བ་རེད། རྣམ་གྲངས་བདེ་བླག་ངང་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། རླུང་གློག་འཕྲུལ་ཚན་25ཡིས་ལོ་ལྟར་གློག་ཤུགས་གཙང་མ་ཏུའུ་དུང་ཕྱུར་2བཏང་ནས་མི་ཁྲི་23ཡི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་བསྐངས་པ་དང་། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་20ཉུང་དུ་གཏོང་ཐུབ་པ་རེད། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་དུ། འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་རྒྱབ་སྐྱོར་བྱས་པའི་ཧྭ་ནུས་སྐྱ་བའི་དུས་ཐེངས་དང་པོའི་འོད་གསོག་གློག་གཏོང་རྣམ་གྲངས་ལ་ཚ་ཚ་འུར་འུར་ངང་སྐུལ་འདེད་གཏོང་བཞིན་ཡོད། ས་མཐོའི་ཉི་འོད་འོག་ལྗང་མདོག་གི་འོད་ཤུགས་གློག་པང་རེ་རེ་ལས་འོད་རབ་ཏུ་འཚེར་ཞིང་། ས་གནས་དེ་གར་ལོ་རེར་ཆ་སྙོམས་ཆུ་ཚོད་ཆན་ཝ་དུང་ཕྱུར་3.75ཡི་གློག་ཤུགས་གཙང་མ་མཁོ་འདོན་ཐུབ་པ་དང་ཐཱན་འབུད་ཚད་ཏུན་ཁྲི་24.67ལྷག་ཙམ་ཉུང་དུ་ཕྱིན་པ་རེད།
མཛེས་སྡུག་ལྡན་པའི་ཉིང་ཁྲི་མཉམ་དུ་འཛུགས་སྐྲུན་བྱས།
ཟླ་7ཚེས་12ཉིན་ཉིང་ཁྲི་གྲོང་ཁྱེར་དུ་ལྗང་མདོག་དངུལ་རྩའི་འདུ་ཚོགས་གཟབ་རྒྱས་ཤིག་སྟེ། “ལྗང་མདོག་དངུལ་རྩར་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱེད། ཐཱན་ཉུང་འཚོ་བར་རོལ་ནས་མཛེས་སྡུག་ལྡན་པའི་ཉིང་ཁྲི་མཉམ་དུ་སྐྲུན”ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། བྱེད་སྒོ་གཙོ་གཉེར་ཚན་པ་ཡིན་པའི་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་དང་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་དུ་ལྗང་མདོག་དངུལ་རྩ་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་མི་སྒེར་གྱི་ཐཱན་རྩིས་ཁྲའི་མ་ལག་འཛུགས་ཐབས་འཚོལ་ཞིབ་བྱས་ནས་ཁེ་ལས་དང་མི་སྒེར་གྱི་ཐོན་སྐྱེད་དང་། འཚོ་བ། དངུལ་རྩ་སོགས་ཁྲོད་ཀྱི་ཐཱན་འབུད་ཚད་ཉུང་གཏོང་ལ་སྟབས་བསྟུན་ཚད་འཇལ་བྱས་པ་དང་འབྲེལ། “ལྗང་མདོག་ནུས་ཚད་ཀྱི་ཁེ་དབང་བརྗེ་སྤྲོད”ཀྱི་བྱེད་སྒོ་རྟ་སྒ་ཆ་སྒྲིག་ངང་མཁོ་འདོན་ཡང་བྱས་ཏེ། ཡན་ལག་དངུལ་ཁང་གིས་སྣ་མང་ཅན་གྱི་ཐཱན་ཀུན་ཕན་ལམ་སྲོལ་ལ་བརྟེན་ནས་ལྗང་མདོག་འཛད་སྤྱོད་ལ་སྐུལ་མ་བཏང་བ་དང་ཐོན་སྐྱེད་མཐའ་སྣེའི་ཐཱན་འབུད་ཚད་ཉུང་གཏོང་ལ་ཁྲིད་སྟོན་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཀྱིས་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་བདེ་བླག་ངང་གཉེར་བའི་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་གྱི་ཡོད། སླད་ཕྱིན་ང་ཚོས་ཕྱོགས་ཁག་གི་སྟོབས་ཤུགས་དང་ལག་གདང་སྦྲེལ་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ལྗང་མདོག་དེ་ཉིད་ཉིང་ཁྲི་ཡི་བཀྲག་མདངས་འཚེར་ཤོས་ཀྱི་གཞི་རྒྱུར་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།
འབྱུང་འགྱུར་ལ་ཕྱོགས་པའི་འཆར་གཞི་ལེགས་པར་བཀོད།
ལྗང་མདོག་དངུལ་རྩའི“དངུལ་བུན”གྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཤིང་། དངུལ་ཁང་ཆེན་པོས་རི་སྔོན་ཆུ་དྭངས་སྲུང་བའི་འགན་འཁྲི་ལེགས་པར་འཁུར། མིག་སྔའི་བར་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་ལྗང་མདོག་ཡིད་རྟོན་དངུལ་བུན་རྒྱུ་ནོར་གྱི་བསྡོམས་འབོར་སྒོར་དུང་ཕྱུར་291.23ཟིན་ནས་དངུལ་ཁང་ཡོངས་ཀྱི་ཡིད་རྟོན་དངུལ་བུན་ལྷག་གྲངས་ཀྱི་36.19%བཟུང་སྟེ། ལྗོངས་ནང་ཁུལ་གྱི་དངུལ་ཁང་དང་དེ་བཞིན་ཁོངས་གཏོགས་ནང་མདུན་གྲལ་དུ་སླེབས་ཡོད། གྲུབ་འབྲས་དེ་འདྲ་ཐོབ་པ་ནི་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ལྗང་མདོག་དངུལ་རྩའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་ལས་བྱུང་བ་ཞིག་རེད།
འབྱུང་འགྱུར་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་ལས་སྒོ་ལེགས་གཉེར་དང་སྟོབས་ཆེར་གཏོང་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་ཡིད་རྟོན་དངུལ་བུན་ལ་དམ་པོར་དམིགས་ནས། སྤྱི་འབོར་དང་གྲུབ་ཆ་དང་། གཞི་ཁྱོན་དང་ཕན་འབྲས། དུས་ཐུང་དང་ཡུན་རིང་། ཆ་ཤས་དང་ཁྱོན་ཡོངས། འཕེལ་རྒྱས་དང་བདེ་འཇགས་བཅས་དབར་གྱི་འབྲེལ་བར་སྔར་བས་སྤྱི་འདོམས་བྱེད་པ་དང་ཆབས་ཅིག ལྗང་མདོག་དངུལ་རྩའི་རྣམ་པ་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་གིས། ཆོད་སེམས་སྔར་བས་བརྟན་པོ་དང་བྱ་ཐབས་སྔར་བས་ནུས་ལྡན་སྤྱད་ནས་བོད་ཀྱི་ལྗང་མདོག་ཡིད་རྟོན་དངུལ་བུན་ལས་སྒོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་གཏོང་རྒྱུ་རེད།