ཞིང་ལས་ཐོན་རྫས་ཀྱི་གནས་རྟགས་སྤུས་རྟགས་ལ་གཅེས་སྤྲས་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ།
ཞིང་ལས་གྲོང་གསེབ་པུས་བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་སོ་ལྔ་ཐོ་འགོད་སྲུང་སྐྱོང་བྱས་པ།
2019ལོར་རྒྱལ་ཁབ་ཀྱིས་གནས་རྟགས་སྲུང་སྐྱོང་འདུ་འགོད་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། བོད་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་གནས་རྟགས་ཞིང་ལས་ཐོན་རྫས་སྲུང་སྐྱོང་འདུ་འགོད་6ལག་ལེན་བསྟར་ཏེ། བོད་ཀྱི་གནས་རྟགས་ཞིང་ལས་ཐོན་རྫས་ཀྱི་ཁྱད་ཆོས་དང་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་བ་དང་ཞིང་ལས་ཐོན་རྫས་ཀྱི་གནས་རྟགས་སྤུས་རྟགས་ལ་གཅེས་སྤྲས་བྱས་ནས་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་བས། གནས་རྟགས་ཀྱི་ཞིང་ལས་ཐོན་རྫས་དང་ཐོན་ལས་མྱུར་ཚད་དང་། སྤུས་ཚད། ཕན་འབྲས་བཅས་མཐོ་པོ་དུས་གཅིག་ཏུ་འཕེལ་རྒྱས་ཕྱིན་ཡོད་ལ། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཞིང་ལས་ཐོན་རྫས་ཀྱི་གནས་རྟགས་ཀྱི་མ་དཔེ་ཡང་རིམ་བཞིན་འཚོལ་ཞིབ་བྱུང་ནས་གྲུབ་ཡོད།
མིག་སྔའི་བར། བོད་ཀྱི“ཕག་རིའི་འབྲི་གཡག”དང་། “རུ་ཐོག་གི་ཁུལ་ལྡན་ར་དཀར་པོ” “ལྷུན་རྩེའི་ནས་ནག” “རྫ་ཡུལ་གྱི་ཁམ་བུ་སྨི་ཧོའུ” “སྨར་ཁམས་ཀྱི་རྒུན་འབྲུམ”སོགས་ཁྱད་ལྡན་ཐོན་རྫས་35ཞིང་ལས་གྲོང་གསེབ་པུས་ཐོ་རུ་བཀོད་ནས་སྲུང་སྐྱོང་བྱེད་འགོ་ཚུགས་པ་རེད།
གནས་རྟགས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་། བོད་ཀྱིས《གནས་རྟགས་ཞིང་ལས་ཐོན་རྫས་སྲུང་སྐྱོང་འདུ་འགོད་རྣམ་གྲངས་ལག་བསྟར་ཇུས་གཞི》བཀོད་དེ། ཞིང་ལས་ཐོན་རྫས་ཀྱི་གནས་རྟགས་ལག་ཁྱེར་སྤྲད་པའི་རྗེས་ལ་ལྟ་སྐུལ་དོ་དམ་ནན་པོ་བྱེད་པ་དང་། ལོ་ལྟར་ཆེད་དོན་ལྟ་སྐུལ་དང་འཐེན་བཤེར་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་གནས་རྟགས་སྤུས་རྟགས་ཀྱི་དབང་གྲགས་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས། ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ནུས་ལྡན་ཡོང་བའི་འགན་ལེན་བྱས་ཡོད། གནས་རྟགས་ཀྱི་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་སྤེལ་དང་སྲུང་སྐྱོང་བྱ་རྒྱུ་དེ་ཞིང་ལས་ཐོན་རྫས་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྱོང་དང་ཁ་འབྲལ་ཐབས་མེད། “གནས་རྟགས་ཡོད་པར་གནས་རྟགས་སྦྱོར་བ་དང་། གནས་རྟགས་མེད་པར་གནས་རྟགས་བཟོ་བ། ཕྱོགས་ཡོངས་ནས་གནས་རྟགས་མཐོ་རུ་གཏོང་བ”བཅས་ཀྱི་བླང་བྱ་གཞིར་བཟུང་། བོད་ཀྱིས་ཚད་ལྡན་ཅན་གྱི་མཛུབ་ཁྲིད་དང་། དྲིལ་བསྒྲགས། ལག་བསྟར། གསོ་སྦྱོང་བཅས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། གནས་རྟགས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཞིང་དུད་བཅས་ཀྱིས་ཚད་གཞི་ལྟར་ཐོན་སྐྱེད་ཀྱི་འདུ་ཤེས་ཟབ་ཏུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་རྒྱལ་ཁབ་ཀྱི་ཚད་གཞི་གཙོ་རྐང་དང་ས་གནས་ཀྱི་ཚད་གཞི་དང་ཚོགས་པའི་ཚད་གཞི་ཕན་ཚུན་རྟ་སྒ་ཆ་སྒྲིག་གིས“ཀོང་པོ་རྒྱ་མདའི་བོད་ཕག”གསོ་ཚགས་མ་བྱས་གོང་དང་། བྱེད་རིང་། བྱས་རྗེས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁེ་ལས་ཀྱི་ཚད་གཞིའི་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། “ཀོང་པོ་རྒྱ་མདའི་བོད་ཕག”གི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། “རྫ་ཡུལ་གྱི་ཁམ་བུ་སྨི་ཧོའུ”ཡི་གནས་རྟགས་རྣམ་གྲངས་ལ་བརྟེན་ནས་ཞིང་ལས་ཚད་ལྡན་ཅན་འཛུགས་སྐྲུན་མངོན་གསལ་དོད་དུ་བཏང་བ་དང“རྫ་ཡུལ་གྱི་ཁམ་བུ་སྨི་ཧོའུ”ཐོན་སྐྱེད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་བ་བརྒྱུད། གནས་རྟགས་ཡོད་པའི་ཞིང་ལས་ཐོན་རྫས་ཐོན་ལས་ཁྱུ་ཚོགས་ཆགས་ནས་དཔེ་མཚོན་རང་བཞིན་ལྡན་པའི་མཐའ་མཚམས་ཀྱི་ལེགས་ལྡན་ཀ་རྟེན་ཐོན་ལས་སུ་གྱུར་ཡོད།
ཁྱད་ལྡན་ཐོན་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་ཕྱིན་ཞིང་། རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། གནས་རྟགས་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞིའི་སྒྲིག་བཀོད་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་། གནོད་མེད་ཀྱི་སྔོན་འགོག་ཚོད་འཛིན་སོགས་ལག་རྩལ་བེད་སྤྱོད་ཁྱབ་གདལ་ཤུགས་ཆེན་གཏོང་བ། མཛོད་ཉར་དང་ལས་སྣོན་སྒྲིག་ཆས་སྒྱུར་བཀོད་རིམ་སྤོར་བྱེད་སྟངས་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་གཞི་གཅིག་ཅན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སྤོ་བོ་རྫོང་དུ་ནགས་གསེབ་རི་སྐྱེས་སྐྱེད་སྲིང་འདེབས་འཛུགས་དང་། སོན་བཟང་གསོ་སྤེལ། སྡོང་ཕུང་སྲེག་སྲོ་སོགས་ལག་རྩལ་གསར་པ་གསར་གཏོད་བྱས་ནས་ཆགས་པ་དང་འབྲེལ་ཁེ་ལས་ཀྱི་ཚད་གཞི་ཁག་35བཟོས་ཡོད། “རྫ་ཡུལ་གྱི་ཁམ་བུ་སྨི་ཧོའུ”འདེབས་འཛུགས་རྒྱ་ཁྱོན་མུའུ་3200ལྷག་ཙམ་ཟིན་པ་དང་། ལོ་རེའི་ཐོན་ཚད་རྒྱ་མ་ཁྲི་200ཡན་ཟིན་པ་མ་ཟད།“བོད”རྟགས་ཅན་གྱི་ཁམ་བུ་སྨི་ཧོའུ་ལྗོངས་ཕྱིར་བྲིན་ཚོང་བྱས་པར་བསྔགས་བརྗོད་ཐོབ་ནས་བག་ཆགས་ཡག་པོ་བྱུང་ཡོད།