དབུ་ཤོག>ཞིང་འབྲོག་གསར་པ།
  • གཉའ་ཐག་ལུས་རྩལ།

    གྲོང་གསེབ་ཀྱི་རོལ་རྩེད་ནས་དངོས་གཞིའི་རྩལ་འགྲན་རྣམ་གྲངས་སུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-17

    ཟླ་6ཚེས་12ཉིན། ལྷ་ས་གྲོང་ཁྱེར་ཉང་བྲན་ལམ་དུ་གནས་པའི་བོད་ལྗོངས་ལུས་རྩལ་ཁང་དུ་རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་པོ་སྐབས་དང་པོའི(ལྷོ་ནུབ་ཁུལ)གཉའ་ཐག་འཐེན་པའི་རྣམ་གྲངས་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་བ་རེད།

    དེ་ཉིན་གྱི་ཆུ་ཚོད་17ལ་གཉའ་ཐག་འཐེན་པའི་རྣམ་གྲངས་འགྲན་བསྡུར་བྱ་ཡུལ་གཉིས་པར་སྐབས་འདིའི་འགྲན་བསྡུར་གྱི་སྤྱི་རྒྱ་85རིམ་པའི་ཨང་དང་པོ་དང་གཉིས་པའི་མཐའ་བསྡུར་བྱས་ཤིང་། བོད་ཀྱི་འཐུས་མི་རུ་ཁག་གི་ན་གཞོན་བདམས་ཐོན་པ་བསོད་ནམས་རྒྱ་མཚོ་དང་པ་སངས་ཚེ་རིང་གཉིས་ཀྱིས་སི་ཁྲོན་དང་། ཀུའེ་ཀྲོའུ། ཡུན་ནན་བཅས་ཀྱི་བདམས་ཐོན་པ་ཚོ་དང་ཉིན་གཅིག་དང་ཕྱེད་ཀའི་རིང་འགྲན་བསྡུར་ཐེངས་མང་བྱས་མཐར་མཐའ་བསྡུར་ནང་མཉམ་དུ་ཚུད་པ་རེད།

    ཁོང་ཚོས་གཉའ་ཐག་དམར་པོ་གཉའ་ལ་བཏགས་ཏེ་ཤེད་ཤུགས་ཡོད་ཚད་བཏོན་ནས་འཐེན་གྱི་ཡོད་པས། ཤུགས་རྒྱག་པ་དང་བསྟུན་ནས་ངོ་གདོང་དམར་པོར་གྱུར་གྱི་ཡོད་ལ། ཕན་ཚུན་འཐེན་རེས་བྱེད་པ་ལས་སྐབས་རེ་མདུན་དུ་སྐྱོད་པ་དང་ཡང་སྐབས་རེ་ཕྱིར་བཤོལ་ཡང་བྱེད་དགོས་འཁེལ་བར་བརྟེན་དེ་གར་འདུས་པའི་ལྟད་མོ་བ་ཚང་མ་དངངས་སྐྲག་ཆེན་པོ་ལངས་ཏེ་རེ་ཞིག་འགྲན་ར་ཡོངས་ཁུ་སིམ་མེར་གནས།

    མཐར་ཕྱོགས་གཅིག་ལ་རྒྱལ་ཁ་ཐོབ་པ་དང་བསྟུན་ནས་ལྟད་མོ་བའི་དགའ་འབོད་ཀྱི་སྒྲ་ཡང་འགྲན་ར་ཡོངས་སུ་གྲགས།

    སྐབས་འདིའི་འགྲན་བསྡུར(ལྷོ་ནུབ་ཁུལ)ཁྲོད་བསོད་ནམས་རྒྱ་མཚོར་སྤྱི་རྒྱ་85རིམ་པའི་ཨང་དང་པོ་ཐོབ་པ་དང་། པ་སངས་ཚེ་རིང་ལ་ཨང་གཉིས་པ་ཐོབ་ཅིང་། བོད་ཀྱི་འཐུས་མི་རུ་ཁག་གིས་རིམ་པ་དེའི་འགྲན་བསྡུར་གྱི་ཨང་དང་པོ་ནས་བཞི་པ་བར་ཚང་མ་བླངས་པ་མ་ཟད། སྤྱི་རྒྱ་55རིམ་པ་དང་སྤྱི་རྒྱ་76རིམ་པའི་ཨང་དང་པོའང་བླངས་ནས། སྤྱིའི་གྲུབ་འབྲས་ཨང་རིམ་གྱི་མདུན་གྲལ་དུ་སླེབས་ཡོད།

    རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་པོ་སྐབས་དང་པོའི(ལྷོ་ནུབ་ཁུལ)གཉའ་ཐག་འཐེན་པའི་རྣམ་གྲངས་ཀྱི་སྤྱི་ཁྱབ་ཤན་འབྱེད་པ་ལུའོ་ཧུའེ་ཡིས། གཉའ་ཐག་འཐེན་པའི་རྣམ་གྲངས་དེ་བོད་ཀྱི་ས་གནས་ཁག་གི་ཞིང་འབྲོག་མང་ཚོགས་ཀྱི་ཞིང་དལ་དང་དུས་ཆེན་གྱི་བྱེད་སྒོའི་ཁྲོད་དར་ཁྱབ་ཆེན་པོ་ཡོད་ལ། དེ་ནི་ཞིང་འབྲོག་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་པའི་ལུས་སྦྱོང་དང་སྤྲོ་གསེང་རོལ་རྩེད་གཙོ་བོར་བྱེད་པའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་རེད་ཅེས་ངོ་སྤྲོད་བྱས་པ་དང་། “འོས་སྦྱོར་བྱས་པ་བརྒྱུད། འགྲན་བསྡུར་དེ་1999ལོར་འཚོགས་པའི་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ནང་ཐོག་མར་བཅུག་ཡོད”ཅེས་ལུའོ་ཧུའེ་ཡིས་བཤད།

    ལོ་རྒྱུས་ཀྱི་འཕེལ་རྒྱུན་རིང་མོའི་ཁྲོད་བོད་རིགས་མི་དམངས་ཀྱིས་མཚར་སྡུག་རྣམ་པར་བཀྲ་བའི་སྲོལ་རྒྱུན་རིག་གནས་གསར་གཏོད་བྱས་ཡོད་ལ། གཉའ་ཐག་དང་། རྟ་རྒྱུག མདའ་རྩལ། མིག་མངས། སྦེ་ག རི་འཛེག རྡོ་འགྱོགས་སོགས་ཚུད་པའི་སྣ་མང་ཕུན་སུམ་ཚོགས་ཤིང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་དམངས་ཁྲོད་ལུས་རྩལ་རྣམ་གྲངས་ཀྱང་གྲུབ་ཡོད།

    རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་པོ་སྐབས་དང་པོའི(ལྷོ་ནུབ་ཁུལ)གཉའ་ཐག་འཐེན་པའི་རྣམ་གྲངས་ཀྱི་འགྲན་ཡུན་ཉིན་གཉིས་རིང་། ལ་ཐོད་དམར་པོ་བཅིངས་པའི་བདམས་ཐོན་པ་ཞིག་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཞིང་། ཁོང་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་རྒྱས་དར་ཤང་གི་ལོ་41ལ་སླེབས་པའི་ངག་ཚེ་ཡིན་ལ། ད་ཐེངས་བོད་ལྗོངས་རུ་ཁག་གི་ལུས་རྩལ་པ་17ནང་གི་ཞིང་འབྲོག་པའི་བདམས་ཐོན་པ་ཁག་གཅིག་གི་གྲས་ཤིག་ཀྱང་རེད།

    ཟླ་6ཚེས་11ཉིན། ངག་ཚེས་སྤྱི་རྒྱ་55རིམ་པའི་འགྲན་བསྡུར་ལ་ཞུགས་སྐབས། བསམ་ཡུལ་ལས་འདས་པར་ཕམ་ཡོད། འགྲན་བསྡུར་སྐབས་ཁོང་གི་ཤེད་ཤུགས་ཕ་རོལ་པོ་ལས་ཞན་པས་ཨང་དྲུག་པ་ལས་རག་མེད།

    དང་ཐོག་འབྲོག་པ་ངག་ཚེ་བོད་ཀྱི་གཉའ་ཐག་འཐེན་མཁན་རུ་མིའི་གྲས་སུ་འདེམས་མཁན་བོད་ཀྱི་འཐུས་མི་རུ་ཁག་གི་རྩལ་ཁྲིད་པ་བསོད་ནམས་རིག་འཛིན་གྱིས་ངག་ཚེ་དང་འབྲོག་ཁུལ་ནས་ཡིན་པའི་བདམས་ཐོན་པ་གཞན་དག་ཁག་གཅིག་རུ་ཁག་ནང་འཇུག་དོན་ཡང་གཙོ་བོ་འབྲོག་པ་ཡིན་པའི་ཁོང་ཚོར་ལོ་མང་རིང་ས་བབ་མཐོ་ལ་གསོ་རླུང་དཀོན་པའི་ཁོར་ཡུག་ཏུ་འཚོ་བ་སྐྱེལ་བར་དམིགས་བསལ་གྱི་སྙུགས་ཤེད་ཅིག་ཡོད་པས་རེད།

    ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སློབ་འབྲིང་གི་ལུས་རྩལ་དགེ་རྒན་བློ་བཟང་རྒྱལ་མཚན་ཡང་སྤྱི་རྒྱ་68རིམ་པའི་འགྲན་བསྡུར་ལ་ཞུགས་ཡོད་ཅིང་། ཚེས་12ཉིན་གྱི་ཕྱི་དྲོའི་ཨང་དང་པོ་དང་ཨང་གཉིས་པའི་འགྲན་བསྡུར་ཁྲོད་ཁོང་ལ་འགྲན་ཡ་ཀུའེ་ཀྲོའུ་རུ་ཁག་གི་ཝུའུ་ཚའེ་ཡུང་འཕྲད་ཡོད་ལ་མཐར་ཝུའུ་ཚའེ་ཡུང་ལ་རྒྱལ་ཁ་ཐོབ་ཡོད།

    ད་བར་ཨང་དང་པོ་ལེན་དགོས་བསམ་པའི་བློ་བཟང་རྒྱལ་མཚན་གྲུབ་འབྲས་དེར་བློ་ཕམ་བྱུང་བ་སྨོས་མེད་རེད། འོན་ཀྱང་ཁོང་གིས་ང་རང་སྲོལ་རྒྱུན་གྱི་ལུས་རྩལ་གཉའ་ཐག་འཐེན་པར་ཧ་ཅང་དགའ་པོ་ཡོད་ཅེས་བཤད་པ་དང་། ཁོང་གིས་སླད་ཕྱིན་འགྲན་བསྡུར་ལ་ཞུགས་པའི་གོ་སྐབས་སྔར་ལས་མང་བ་རག་སྟེ་གྲུབ་འབྲས་དེ་ལས་ལེགས་པ་རག་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    བློ་བཟང་རྒྱལ་མཚན་གྱིས་གསར་འགོད་པར། རྗེས་སུ་ལུས་རྩལ་སློབ་ཚན་འཁྲིད་སྐབས་ངས་གཉའ་ཐག་མང་ཙམ་གྲ་སྒྲིག་བྱས་ཏེ་ཕྲུ་གུ་ཚོར་རོལ་རྩེད་ཁྲོད་ལུས་རྩལ་གྱི་ཤེས་བྱ་གང་མང་སློབ་ཐུབ་པ་བྱེད་ཀྱི་ཡིན། “གཞོན་ནུ་ལོ་ཆུང་སྔར་ལས་མང་བས་གཉའ་ཐག་འཐེན་པར་དགའ་ཞེན་ཡོད་པ་དང་དེ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་གཉའ་ཐག་འཐེན་པའི་འགྲན་བསྡུར་ལ་བོད་དང་། སི་ཁྲོན། ཡུན་ནན། ཀུའེ་ཀྲོའུ་བཅས་རུ་ཁག་4ཡི་བདམས་ཐོན་པ་43ཞུགས་ཡོད་པ་རེད།

    ལུའོ་ཧུའེ་ཡིས་གཉའ་ཐག་འཐེན་པའི་འགྲན་བསྡུར་ཁག་ཚད་ལྡན་བཟོ་ཆེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ལུས་རྩལ་སྡེ་ཚན་གྱིས་གཉའ་ཐག་འཐེན་པའི་ལུས་རྩལ་ཁྱབ་གདལ་གཏོང་ཚད་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ནས་ལུས་རྩལ་དེའི་ནང་ཞུགས་མཁན་མི་གྲངས་ལོ་རེ་བཞིན་མང་དུ་ཕྱིན་པ་དང་འགྲན་བསྡུར་བྱེད་སྒོའང་སྔར་བས་ཚད་ལྡན་དུ་ཕྱིན་ཏེ་བོད་ཀྱི་གྲོང་གསེབ་ཀྱི་གཉའ་ཐག་འཐེན་པའི་རོལ་རྩེད་དེ་དངོས་སུ་རྩལ་འགྲན་གྱི་གར་སྟེགས་ཆེན་པོར་བསྐྱོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།