དབུ་ཤོག>ཞིང་འབྲོག་གསར་པ།
  • ཆབ་མདོ་གྲོང་ཁྱེར་གྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུས”གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-03

    འདི་ནི་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་གྲོང་གསེབ་ཀྱི་འགྲོ་ལམ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་བས། ཉིན་བཞིན་དམ་ཚགས་སུ་འགྲོ་བའི་གྲོང་གསེབ་ཀྱི་གཞུང་ལམ་དྲ་རྒྱ་ལས་ཆབ་མདོའི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་དང་མི་སེར་གྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། “ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”དེ་དག་ཆབ་མདོའི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་གྱུར་ཡོད།

    ཟླ་5པའི་ཟླ་མཇུག་ཏུ་གསར་འགོད་པས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཐང་ཕུ་ཤང་དུང་མདོ་གྲོང་ཚོའི་གྲོང་གསེབ་ཀྱི་འགྲོ་ལམ་བསྐྲུན་ཡུལ་དུ་ལས་མི་ཚོ་ཟམ་པའི་ཟམ་གདན་འདིང་བ་དང་གཞུང་ལམ་ཁོད་སྙོམས་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་མཐོང་བྱུང་། སྐྲུན་བཞིན་པའི་ཨར་འདམ་ལམ་བུའི་རིང་ཚད་ལ་སྤྱི་ལེ་6ལྷག་ཙམ་ཡོད་པ་དང་སྔོན་དཔག་བྱས་ན་འདི་ལོའི་ཟླ་9པར་ལས་མཇུག་འགྲིལ་རྒྱུ་དང་ལས་གྲྭ་འཛུགས་སྐྲུན་བྱེད་རིང་ས་གནས་དེ་གའི་མང་ཚོགས་12བསྡུས་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་པ་བརྒྱུད་མང་ཚོགས་ལ་ཐད་ཀར་འབབ་འཕར་སྒོར་ཁྲི་4.8ཙམ་བྱུང་ཡོད།

    འདི་ནི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱིས་ལམ་རྒྱུད་ཀྱི་ཞིང་འབྲོག་མང་ཚོགས་ལ་ཐད་ཀར་འབབ་འཕར་བྱུང་བའི་མཚོན་ཚུལ་ཙམ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་འཛུགས་སྐྲུན་དང་བདག་སྐྱོང་ནང་ཞུགས་པ་དང་། རང་ཁྱིམ་གྱི་འཕྲུལ་ཆས་དང་རླངས་འཁོར་བོགས་མར་གཏོང་བ། སྐྱེལ་འདྲེན་གྱི་ཞབས་འདེགས་ཧུར་ཐག་ཞུས་པ་སོགས་བརྒྱུད“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་བྱེད་རིང་ཕན་པ་ཐོབ་ཡོད།

    འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དེ་རྒྱལ་ལམ་317རྒྱུད་དུ་གནས་པ་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སྡེ་དགེ་རྫོང་དང་གཙང་པོའི་གཡས་གཡོན་དུ་ཆགས་པ་དང་སི་ཁྲོན་བརྒྱུད་བོད་དུ་བསྐྱོད་པའི་གྲོང་རྡལ་དང་པོ་རེད། ཁུལ་བབ་ཀྱི་ལེགས་ཆ་ལས་ཉེ་བའི་ལོ་ཤས་རིང་སྐམ་ཐོག་གྲོང་རྡལ་གྱི་མང་ཚོགས་ལ་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་པ་བརྒྱུད་ཐད་ཀར་ཕན་པ་ཐོབ་པ་མ་ཟད། གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་དང་རྒྱལ་ལམ་སྦྲེལ་མཐུད་དམ་ཟབ་དང་ས་ཁོངས་ཀྱི་གཞུང་ལམ་དྲ་རྒྱ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག གྲོང་རྡལ་ཡོངས་ཀྱི་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་5ཚང་མས་སྐྱེལ་འདྲེན་ཐོན་ལས་ནང་ཧུར་ཐག་ཞུགས་ནས། གྲོང་རྡལ་ཡོངས་ཀྱི་མང་ཚོགས་ཀྱིས་སྐྱེལ་འདྲེན་རླངས་འཁོར་180ཉོས་ཏེ་རླངས་འཁོར་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ཙམ་བྱུང་བ་དང་། འདི་ལོའི་དུས་ཚིགས་དང་པོར་གྲོང་རྡལ་ཡོངས་ཀྱི་སྐྱེལ་འདྲེན་ཡོང་འབབ་སྒོར་ཁྲི་815ལྷག་ཙམ་ཟིན་ཡོད། གཞུང་ལམ་སྐྲུན་པར་བརྟེན་སྐམ་ཐོག་གྲོང་རྡལ་གྱི་དཔལ་འབྱོར་དར་རྒྱས་ཕྱིན་ཏེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ཡོད།

    2023ལོའི་ལོ་མཇུག་བར། ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་1.55ཟིན་པ་དང་རྫོང(ཆུས)11དང་། ཤང(གྲོང་རྡལ)129 གྲོང་ཚོ(གྲོང་ལྷན)1142བཅས་ལ་ཤར་གཏོང་ཐུབ་ཚད་100%དང་། 100% 83%བཅས་སོ་སོར་ཟིན་ཡོད། ཆབ་མདོ་གྲོང་ཁྱེར་གྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་བྱེད་རིང་མ་འཇོག་གཞི་ཁྱོན་ཆུང་བ་དང་། ལག་རྩལ་གྱི་ཚད་གཞི་དམའ་བ། ལས་ཀ་བྱེད་མཁན་གྱི་རྩལ་ནུས་བླང་བྱ་མཐོ་པོ་མེད་པ་བཅས་ཀྱི་ལས་སྒྲུབ་རྣམ་གྲངས་དང་ལྷུ་ཚིགས་སུ་གུད་གསབ་ལས་སྤྲོད་ཁྱབ་གདལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ངལ་རྩོལ་ཐོབ་ཆ་སྤྲོད་པའི་དངུལ་གྲངས་དེ་རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར་གྱི་10%ལས་མི་དམའ་བ་བྱེད་ཀྱི་ཡོད། གཞན་ཡང་། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་དང་གུད་གསབ་ལས་སྤྲོད་མཉམ་འདྲེས་གཏིང་ཟབ་བྱས་པ་དང་། ཞིང་འབྲོག་མང་ཚོགས་5945གྲོང་གསེབ་ཀྱི་གཞུང་ལམ་སྐྱེ་ཁམས་བདག་སྐྱོང་ལས་གནས་སུ་བཅུག་ནས་མི་རེར་ལོ་རེར་ཆ་སྙོམས་ཐད་ཀར་འབབ་འཕར་སྒོར་3500བྱུང་ཡོད།

    “ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་གྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་འགྲོ་སྐྱོད་དེ་བས་སྟབས་བདེ་བྱུང་བ་མ་ཟད། འགྲིམ་འགྲུལ་འཕེལ་རྒྱས་ཕྱིན་པ་ལས་ཐོན་ལས་དར་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ཕན་པ་ཉིན་བཞིན་ཐོན་ཡོད།

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་དཔལ་སྐེད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བྱམས་པ་ཆོས་སྐྱིད་ཀྱིས། 2022ལོར་ཁ་རུབ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྒོར་ཁྲི་1600ལྷག་ཙམ་བཏང་སྟེ་དཔལ་སྐེད་ཟམ་ཆེན་ནས་དཔལ་སྐེད་གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་བསྐྲུན་ཡོད། འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་རྗེས་གྲོང་ཚོའི་ནང་བྱེ་རྡོ་ར་བ་དང་། སོ་ཕག་བཟོ་གྲྭ སྔོ་ཚལ་དྲོད་ཁང་ཆེན་པོ་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དངོས་ཚན་གཉེར་བ་དང་ཆབས་ཅིག གྲོང་མི་སྒྲིག་འཛུགས་བྱས་ནས་རླངས་འཁོར་35ཉོས་ཏེ་དཔལ་སྐེད་གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་བཙུགས་ཡོད། 2023ལོར་དཔལ་སྐེད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་160ལྷག་ཙམ་བྱུང་བ་དང་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་3970བྱུང་ནས་འགྲིམ་འགྲུལ་འཕེལ་རྒྱས་ཕྱིན་པ་དེ་དཔལ་སྐེད་གྲོང་ཚོའི་གྲོང་མི་ཕྱུག་འགྱུར་དང་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་ཤོས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།