“གྲངས་འཛིན་རིག་ལྡན”གྱིས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་བསྣན་པ།
—— ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་གིས“གྲངས་འཛིན་རིག་ལྡན”ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་པའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་སྔོན་ལ་འཇོག་པའི་བླང་བྱ་དོན་འཁྱོལ་གྱིས་གྲངས་འཛིན་རིག་ལྡན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གྲངས་འཛིན་ཅན་དང་རིག་ལྡན་ཅན་གྱི་བྱ་ཐབས་གང་ལེགས་སྤྱད་པའི་ཁར། ཤང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་བརྟེན་ནས“རིག་ལྡན་གསུམ”གྱི་མ་ལག་ལས་སྟེགས་བསྐྲུན་ཏེ“རིག་ལྡན་གྱི་ཏང་འཛུགས་སྐྱོང”དང་། “རིག་ལྡན་གྱི་་བཅོས་སྐྱོང” “རིག་ལྡན་གྱི་ཞབས་ཞུ”བཅས་ཀྱི་ལེ་ཚན་ཆེན་པོ་གསུམ་བཏོད་པ་མ་ཟད། དྲ་བ་གཅིག་གི“རིག་ལྡན”བཅོས་སྐྱོང་བརྒྱུད་ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། རིམ་ཁག་རྩ་འཛུགས་ཀྱིས་མཐུན་སྦྱོར་ཧུར་ཐག་བྱེད་པ། མང་ཚོགས་རྒྱ་ཁྱབ་ངང་ཞུགས་པ། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་ཟུང་འབྲེལ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་ཅིག་སྔར་བས་འཐུས་སྒོ་ཚང་དུ་བཏང་བས་དམངས་ལ་ཞབས་འདེགས་ཞུ་བའི་གཅིག་འཐུས་རྣམ་པའི་ལས་སྒྲུབ་ལ་སྐུལ་འདེད་ཐེབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་དང་གྲོང་གསེབ་དར་རྒྱས་མངོན་འགྱུར་ཡོང་བར་སྒུལ་ཤུགས་བསྣན་ཡོད།
ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ།
གཞི་རིམ་བཅོས་སྐྱོང་ལས་དོན་ལ“རིག་ལྡན་མ་ལག་ཆེན་པོ”ཞིག་ཆགས་པར་བྱས་པ།
“མང་ཚོགས་ཀྱི་ཁ་གསབ་སྐོར་འདྲི་རྩད་དང་། ཏང་ཡོན་གྱི་ཆ་འཕྲིན་ལ་དོ་དམ། གྲོང་ཚོའི་ལས་དོན་ཡོངས་བསྒྲགས། རྒྱུན་གཏན་གྱི་ལས་ཀའི་ཟིན་ཐོ་དང་དེ་བཞིན་མང་ཚོགས་ཀྱི་འདུན་ཞུའི་ཐབས་ལམ་ཤར་གཏོང་བཅས་ཀྱི་ལས་དོན་ཚང་མ‘རིག་ལྡན་གསུམ’གྱི་མ་ལག་ལ་བརྟེན་ནས་བསྒྲུབས་པས་ལས་ཕྱོད་ཆེ་བ་དང་ལས་འབོར་ཉུང་དུ་སོང་ནས་སྟབས་ཧ་ཅང་བདེ་རུ་ཕྱིན་ཡོད”ཅེས་བྱེ་འབྲོག་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་ལིའུ་ཧྲའོ་ཡུང་གིས་བརྗོད།
གཞི་རིམ་གྱི་ལས་ཀ་ནི་རྙོག་འཛིང་ཤིན་ཏུ་ཆེ། དེ་སྔོན་ཤང་དང་གྲོང་ཚོའི་ལས་བྱེད་པས་གྲོང་ཚོ་དང་། འབྲོག་ཁུལ། རྩྭ་ར། ཞིང་དུད་བཅས་སུ་བསྐྱོད་དེ་ལས་དོན་སྣ་ཚོགས་སྒྲུབ་དགོས་ཀྱི་ཡོད་ཅིང་། ད་ཆ་སྒྲུབ་སྟངས་གཅིག་པ་ཡིན་ཡང་གཞི་རིམ་ལས་བྱེད་པ་ཕར་རྒྱུག་ཚུར་རྒྱུག་བྱེད་ཉུང་དུ་ཕྱིན་ཡོད།
ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་གྲངས་འཛིན་ཅན་དུ་འགྱུར་བ་ལས་བྱུང་བའི་སྟབས་བདེ་དངོས་ཚོར་ཐུབ་བ་བྱ་རྒྱུ་དེ་ལས་སྟེགས་གཏོད་པའི་འགོ་འཛུགས་ས་དང་ཤུགས་རྒྱག་སར་བརྩིས་ནས་དེ་སྔ་ཁ་ཐོར་དུ་ལུས་པའི་གྲངས་གཞི་སྣ་ཚོགས་བསྡུ་རུབ་དང་ཚད་ལྡན་དུ་གཏོང་བ་སོགས་ཀྱི་བཀོལ་སྤྱོད་བརྒྱུད། གྲངས་གཞིའི་སྤུས་ཚད་མཐོར་གཏོང་དང་ལྟ་སྐུལ་ཚོད་འཛིན་ཐུབ་སྟེ་གྲངས་གཞི་དོ་དམ་དང་བཀོལ་སྤྱོད་གཅིག་གྱུར་གྱི་ཕྱོགས་བསྡུས་ལས་སྟེགས་ཤིག་ཆགས་པ་དེས། ཁོངས་གཏོགས་ཁུལ་གྱི“མི་དང་། ས་ཆ། བྱ་བ་བཅས་ཀྱི་གནས་ཚུལ”ཚང་མ་དོ་དམ་ཁྱབ་ཁོངས་སུ་བཅུག་སྟེ་གྲོང་གསེབ་འཛུགས་སྐྲུན་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ནུས་པ་ཆེན་པོ་ཐོན་ནས“དྲ་ཐོག་ནས་མང་ཙམ་སྒྲུབ་པ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ”བྱེད་ཐུབ་པ་བྱས་ཡོད།
དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ།
དུས་བདེ་འཛུགས་སྐྲུན“རིག་ལྡན་གཞི་རྒྱུའི”མ་ལག་ནང་བཅུག་པ།
འདི་ལོའི་ཟླ་གཉིས་པའི་ཟླ་འགོར་རྔམ་ཕུ་ནང་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་ཀྲང་ཡོན་མིང་དུད་ཚང་དུ་སྐྱོད་སྐབས། སྙེ་སྡིངས་ལུང་ཤུར་གྱི་འཁྱིལ་མཚོའི་འཁྱགས་པ་བཞུར་ནས་ཆུ་ཤོར་ཉེན་ཡོད་པ་ཤེས་རྗེས་མངོན་མེད་རྐྱེན་ངན་ཐོན་ས་དང་། པར་རིས། གསལ་བཤད་ཡི་གེ་ཐུང་ཐུང་བཅས“རིག་ནུས་གྲོང་གསར”གྱི་སྐད་འཕྲིན་བྱ་རིམ་ཆུང་ངུར་བཀོད་པས་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་མཐོང་འཕྲལ་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱས་ནས་བརྡར་གཅོད་ཐག་གཅོད་བྱེད་ཀྱི་ཡོད།
“རིག་ལྡན་བཅོས་སྐྱོང་”གིས་ཤང་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་དང་བདེ་འཇགས་ཐོན་སྐྱེད་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དྲ་ཐོག་ནས་དོ་དམ་བྱས་པ་མ་ཟད། དྲ་དཔོན་དང་དུད་སྦྲེལ་སྤྱི་མིས“ཉིན་རེའི་སྐོར་ཞིབ་དང་། ཟླ་རེའི་ཞིབ་བཤེར། དུས་ཚིགས་རེའི་མཉམ་བཤེར”བཅས་ཀྱི་ལས་ཀའི་བླང་བྱ་ཁག་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག“གྲངས་འཛིན་རིག་ལྡན་གྲོང་གསར”གྱི་སྒུལ་བདེའི་དུད་སྣེའི་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བེད་སྤྱོད་བྱ་རྒྱུར་གཞོགས་འདེགས་བྱས་ཏེ་མངོན་མེད་རྐྱེན་ངན་སྣ་ཚོགས་ཀྱི་ཆ་འཕྲིན་ཞིབ་ཕྲ(པར་རིས་དང་གནས་ཡུལ་སོགས)ཐོ་འགོད་གོང་ཞུ་བྱས་ནས་རིམ་པ་བཞིན་གོང་ཞུ་དང་། གྲངས་གཞི་གསལ་པོ་མེད་པ། ཞིབ་གླེང་གནད་འཁེལ་མ་བྱུང་བ་སོགས་ཀྱི་གནད་དོན་མ་ཐོན་སྔོན་འགོག་བྱས་ནས་དུས་ཐོག་ཏུ་ཤེས་རྟོགས་དང་། སྙན་ཞུ། ཐག་གཅོད་བཅས་བྱས་ནས་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་དོ་ཁུར་དང་དོན་འཁྱོལ་བྱེད་མཁན་ཡོད་པ་མངོན་འགྱུར་བྱུང་ཡོད།
ཐབས་ལམ་ཤར་གཏོང་བྱས་ཏེ།
བདེ་སྐྱིད་འཚོ་བར“རིག་ལྡན་གྱི་སྒུལ་ཤུགས”བསྣན་པ།
གྲོང་གསར་ཤང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རྒྱུ་གོ་སྐབས་སུ་བྱས་ནས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་ཐབས་ལམ་མང་པོ་ནས་མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་ཏེ་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད། གྲོང་གསར་ཤང་གིས“སྒྲོག་ཙེ་གཅིག་དང་རྐུབ་སྟེགས་གསུམ”གྱི་ལས་ཀའི་ལམ་སྲོལ་དང་ཟུང་འབྲེལ་བྱས་ཏེ། ཉིན་རེའི་འགོ་ཁྲིད་ལ་ཞུ་ཉན་དང་འབྲེལ་གཏུག་བྱེད་སྟངས་ཡོངས་བསྒྲགས་བྱས་པས་ཞུ་ཉན་བྱེད་མཁན་འགོ་ཁྲིད་ཀྱིས་དམངས་ཀྱི་གནས་ཚུལ་དང་འདོད་ཚུལ་ལ་དུས་ཐོག་ཏུ་ལན་བཏབ་ནས“རིག་ལྡན་ཞབས་ཞུའི”ལེ་ཚན་དུ་བསམ་འཆར་དང་གྲོས་འགོ་འདོན་སའི་རྩ་གཉིས་ཨང་རྟགས་ཡོད་པར་བྱས་པས་མང་ཚོགས་ཀྱིས་རྩ་གཉིས་ཨང་རྟགས་བཤེར་ནས་རང་ཉིད་ཀྱི་བསམ་འཆར་དང་། གྲོས་འགོ དེ་བཞིན་འཕྲད་པའི་དཀའ་ངལ་སོགས་དུས་ཐོག་ཏུ་ཞུས་ཆོག་གི་ཡོད། ཞུ་ཉན་བྱེད་མཁན་འགོ་ཁྲིད་ཀྱིས་ལས་སྟེགས་ཀྱི་རྒྱབ་ནས་མང་ཚོགས་ཀྱི་འདུན་ཞུ་འབྱོར་རྗེས“ངོ་འཕྲད་གྲོས་མོལ”བརྒྱུད། “གྲལ་སྒོའི་བཞུགས་མོལ་ཚོགས་འདུ”འཚོགས་ཏེ“གཅིག་གྱུར་བང་སྒྲིག་དང་ལས་དོན་སོ་སོར་བསྒྲུབ་རྒྱུ”ལག་ལེན་བསྟར་ནས་རང་སར་ཐག་གཅོད་ཐུབ་རིགས་ལ་དེ་མཚུངས་ཀྱི་ལས་སྒོའི་འགན་འཁུར་བས་ཐག་གཅོད་ཡང་དག་དང་། གནད་དོན་རྙོག་འཛིང་ཆེ་རིགས་ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱིས་མཉམ་དུ་ཐག་གཅོད་བྱས་ཏེ་དམངས་ཀྱི་འདུན་ཞུ་དང་འགལ་བ་རྩོད་གཞི་ཐོན་མ་ཐག་ཐག་གཅོད་དང“མངགས་ཐོའི་རྣམ་པའི”མངགས་བསྐུར་ཕྱོགས་བསྡུས་དོ་དམ་བྱས་ནས་སྲིད་གཞུང་དང་མང་ཚོགས་མཉམ་འགུལ་གྱི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་ཡོད།
ལས་སྟེགས་བཏོད་དེ།
ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ནས“རིག་ལྡན་འཚོ་བར”རོལ་བ།
ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ཆེ་རུ་གཏོང་ཆེད། གྲོང་གསར་ཤང་གིས་གནད་ཀྱིས་ཁྱོན་ཡོངས་ཁྲིད་པའི་ངང“སྐར་གསོག་དངུལ་ཁང”གི་བརྗེ་རེས་ལམ་སྲོལ་ཁྱབ་གདལ་བཏང་ནས“ཁྱིམ་གཞིས་གཙང་བཟོའི་བྱ་སྤྱོད”གཞི་རྟེན་དུ་བྱེད་པ་དང་། “གོམས་སྲོལ་བསྒྱུར་རྒྱུར”བརྟེན་པ། “གཞི་རིམ་སྤྱི་ཚོགས་བཅོས་སྐྱོང”ལྟེ་བར་བྱེད་པ་བཅས་ཀྱི“གསར་པ་གསུམ”གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ་དང་། “རིག་ལྡན་གསུམ”གྱི་མ་ལག་གྲངས་འཛིན་ཅན་གྱི་རིག་ནུས་དོ་དམ་བརྒྱུད“སྐར་གསོག་ཆུང་ངུ”“གསལ་ཐོར”འགྱུར་བ་བྱས་པ་དང་། “གྲངས་འཛིན་རིག་ལྡན་གྲོང་གསར”གྱི་བྱ་རིམ་ཆུང་ངུར་བརྟེན་ནས་མང་ཚོགས་ཀྱི་སྐར་གསོག་ལ་འགྱུར་ལྡོག་བཏང་སྟེ་ཡུལ་མིས་རང་འགུལ་ངང་གྲོང་ཚོ་རིམ་པའི་སྤྱི་པའི་ལས་དོན་ནང་ཞུགས་པ་དང་། གོམས་སྲོལ་བསྒྱུར་རྒྱུ་དར་སྤེལ་གཏོང་བ། སྲོལ་རྙིང་གོམས་ངན་མེད་པར་བཟོ་བ། གོམས་སྲོལ་གསར་པ་འཛུགས་པ་བཅས་ཀྱི་ཧུར་སེམས་འཕེལ་བར་བྱས་ཡོད།
མིག་སྔའི་བར། གྲོང་གསར་ཤང་གིས“རིག་ལྡན་གསུམ”གྱི་མ་ལག་ལ་བརྟེན་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་15གོང་ཞུ་བྱས་པར་12ཐག་གཅོད་དང་3སྒྲུབ་བཞིན་ཡོད་ལ། འགལ་བ་དང་རྩོད་གཞི་གྲལ་བཤེར་ལ་ཚན་རིག་དང་མཐུན་པའི་ནུས་པ་ཆེན་པོ་ཐོན་ནས་གནད་དོན་2ཤེས་རྟོགས་ཐུབ་ནས་ཐག་གཅོད་བྱུང་བ་མ་ཟད། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་5འབྱོར་བ་ཚང་མ་ཐག་གཅོད་ཀྱང་ཐུབ་ཡོད།