ཐབས་མང་མཉམ་སྤྱོད་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་གྱིས་གྲོང་ཚོ་དང་ཁེ་ལས་ཐོན་ལས་བཅས་མཉམ་འབྲེལ་གྱི་ཚོགས་སྒྲིག་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ།
ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ཡིན། ཉིང་ཁྲི་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་གོ་སྐབས་སུ་བྱས་ནས། བྲག་ཡིབ་ཆུས་ཚོད་ལྟ་བྱ་ཡུལ་དུ་བྱས་ཏེ་སྦེ་པ་གྲོང་རྡལ་དུ་གྲོང་ཚོ་དང་། ཁེ་ལས། ཐོན་ལས་བཅས་མཉམ་འབྲེལ་གྱི་ཚོགས་སྒྲིག་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་འབྲེལ། ཐབས་མང་མཉམ་སྤྱོད་ཀྱིས་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་དང་དངོས་ཚན་ཀུང་སི་བཙུགས་ཏེ་ཐོན་ཁུངས་ཀྱི་གཙོ་རྒྱུ་གཅིག་སྡུད་གང་ལེགས་བྱས་པ་བརྒྱུད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ་རེད།
གྲོང་ཚོ་མཉམ་འབྲེལ་གྱིས་འཕེལ་རྒྱས་བཏང་ནས་སྤྱི་འདོམས་ཇུས་འགོད་བྱས་པ།
ཐོན་ཁུངས་མཉམ་སྤྱོད་དང་། ཐོན་ལས་ཀུན་ཕན། ཕྱོགས་མང་མཉམ་འགུལ་བཅས་ཀྱི་ཐུན་མོང་གི་ཁེ་ཕན་ཚོགས་པ་གྲུབ་པར་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་ཆེད་སྟོབས་ཤུགས་བསྡུ་སྒྲིལ་དང་ནུས་པ་སྔོག་འདོན་བྱ་ཆེད། སྦེ་པ་གྲོང་རྡལ་གྱིས“རང་སོ་སོས་གཉེར་སྐྱོང་དང་ཁ་ཐོར་འཕེལ་རྒྱས་གཏོང་བའི”བསམ་ཕྱོགས་ལས་ཚད་བརྒལ་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་སྲིད་འཛིན་གྲོང་ཚོ་12མཉམ་དུ་སྦྲེལ་ནས་ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་མཉམ་འབྲེལ་གྱིས་ལས་དོན་མཉམ་དུ་སྒྲུབ་པའི་ངོ་བོ་ལྡན་པའི་ཉིང་ཁྲིའི་ས་སྐྱིད་པོ་ཁེ་ལས་ཚད་ཡོད་ཀུང་སི་ཐོག་མ་བཙུགས་པ་དང་། གྲོང་ཚོ་ཚང་མའི་ཏང་ཀྲི་པུའི་ཧྲུའུ་ཅིས་ལས་འཛིན་བྱས་ཏེ་གཉེར་སྐྱོང་འཕེལ་རྒྱས་ནང་ཐུན་མོང་ཐོག་ཞུགས་པ་རེད།
འདི་ལོའི་ཟླ་4པར་སྦེ་པ་གྲོང་རྡལ་གྱི་ཚོགས་སྒྲིག་འཕེལ་རྒྱས་ཀྱི་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་སྒོ་བྱང་བཀལ་ནས་བཙུགས་ཤིང་། དེའི་ཁོངས་གཏོགས་སུ་ཞིང་འབྲོག་ཐོན་ལས་དང་། རིག་གནས་ཡུལ་སྐོར་ཐོན་ལས། ནགས་གསེབ་ཐོན་ལས་བཅས་ཀྱི་བྱེད་ནུས་ལྡན་པའི་ཏང་ཀྲི་པུའུ་གསུམ་དང་། གཙོ་གཉེར་ཀུང་སི་དང་ཐོན་ལས་རྣམ་གྲངས་20ལྷག་ཙམ་བཙུགས་ཏེ། གྲོང་རྡལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་4375ཚང་མ་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས། འདྲ་བཟོ་རུང་བ་དང་ཁྱབ་གདལ་གཏོང་ཆོག་པའི་ཚོགས་སྒྲིག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་པ་རེད།
སྦེ་པ་གྲོང་རྡལ་གྱིས་ཕྱོགས་ཡོངས་ནས་ཁོངས་གཏོགས་ཁུལ་གྱི་ས་ཞིང་གཙང་བཤེར་དང་། བེད་སྤྱོད་ཆོག་པའི་ས་ཆའི་མཛོད་འཛུགས་པ། རྣམ་གྲངས་ཀྱི་ས་ཆའི་རིན་གོང་མཉམ་འབྲེལ་ཐོག་གྲོས་མོལ་བཅས་བྱས་ཤིང་། གྲོང་ཚོའི་མཉམ་སྡེབ་ཀྱིས་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆར་བརྟེན་ནས་རྣམ་གྲངས་ཀྱི་མ་རྐང་ནང་ཞུགས་པར་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་ས་ཞིང་བརྒྱུད་བཤུག་བྱེད་པ་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། གསེར་གུང་གྲོང་ཚོས“ས་ཁོངས་ཡོངས་ཀྱི་ས་ཆ་བཅོས་སྒྲིག”ཚོད་ལྟར་བྱས་པ་དང་ཁྱིམ་དུད་ཁག་གི་སྒོ་རའི་རྒྱ་ཁྱོན་གཅིག་གྱུར་ལེགས་སྒྲིག་བྱས་ཏེ་བྱེད་སྤྱོད་ཆོག་པའི་མཉམ་སྡེབ་ས་ཆའི་ཐོན་ཁུངས་མུའུ་120ལྷག་ཙམ་ཐོན་པ་རེད། མིག་སྔའི་བར་སྦེ་པ་གྲོང་རྡལ་གྱིས་རིམ་རྩིས་བྱས་ན་ས་ཞིང་མུའུ་3620བརྒྱུད་བཤུག་བྱས་ཡོད་པ་རེད།
ཁེ་ལས་དང་མཉམ་འབྲེལ་གྱིས་འཕེལ་རྒྱས་བཏང་ནས་བབ་བསྟུན་འཕྲལ་སྒྲུབ་བྱས་པ།
སྦེ་པ་གྲོང་རྡལ་སྦེ་པ་གྲོང་ཚོས་སྲོང་བཙན་ཚོགས་པ་གཞིས་ཆགས་པ་གོ་སྐབས་སུ་བརྩིས་ནས་ཁེ་ལས་ཀྱི་སྤུས་རྟགས་དང་། ལག་རྩལ། ཁྲོམ་ར་སོགས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་བབ་བསྟུན་འཕྲལ་སྒྲུབ་ཀྱིས“རང་འགུལ་ངང་ཞབས་འདེགས་ཞུ་བ་དང་ཐུན་མོང་ཐོག་འཕེལ་རྒྱས”ཡོང་བར་བྱས་ཤིང་། “བོགས་དངུལ་ཁོ་ན་བསྡུ་བའི”ཡོང་འབབ་རྐྱང་པའི་རྣམ་པ་ལས་བརྒལ་ནས་སྦེ་པ་གྲོང་ཚོའི་སྲོང་བཙན་སྦྲ་གུར་སྒར་སའི་གཉེར་སྐྱོང་དང་དོ་དམ་ནང་ཐུན་མོང་ཐོག་ཞུགས་པ་བརྒྱུད། ཡུལ་མི་རྣམས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་རེད།
སྦྲ་གུར་སྒར་ས་ཕུད་སྦེ་པ་གྲོང་ཚོ་དང་སྲོང་བཙན་ཚོགས་པས་མཉམ་ལས་བྱས་ནས་ཧྱང་རྒྱུག་དང་། གཡང་ངོས་བྲག་འཛེག རི་མ་ཐང་དུ་རྐང་འཁོར་བཞོན་པ། བྱེས་བགྲོད་སྦག་སྦག་གཏོང་བ་སོགས་བྱེས་ཡུལ་གྱི་ཡུལ་སྐོར་རྣམ་གྲངས་བཏོད་ནས། སྐྱེ་ཁམས་སྤྲོ་གསེང་དང་བྱེས་ཡུལ་མྱུལ་དཔྱད་སོགས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་གྱི་ལས་རྣམ་གསར་པ་བཏོད་པ་རེད།
ཁེ་ལས་དང་མཉམ་འབྲེལ་གྱི་ཚོགས་སྒྲིག་འཕེལ་རྒྱས་གཏོང་སྟངས་འོག་གྲོང་མིའི་ལས་ཞུགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པ་མ་ཟད། ད་དུང་སྦེ་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཐུབ་ནས་ས་གནས་དེ་གའི་གྲོང་མིར་ཁ་ཡོད་ལག་ཡོད་ཀྱི་ཡོང་འབབ་བྱུང་བ་རེད། མིག་སྔར་ཡུལ་མི་ཁ་ཤས་ཀྱི་ཆ་སྙོམས་ཟླ་རེའི་གླ་ཆ་སྒོར་4000ཟིན་ལ། 2022ལོའི་ཟླ་7པར་སྦེ་པ་གྲོང་ཚོའི་སྲོང་བཙན་སྦྲ་གུར་སྒར་ས་བདེ་བླག་ངང་ལས་འགོ་ཚུགས་རྗེས། སྦེ་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ལོ་ལྟར་སྒོར་ཁྲི་4ཡང་མི་ཟིན་པ་ནས་ལོ་རེར་སྒོར་ཁྲི་80ལྷག་ཙམ་བར་མགྱོགས་མྱུར་འཕར་ཡོད་པ་རེད།
ཐོན་ལས་དང་མཉམ་འབྲེལ་གྱིས་འཕེལ་རྒྱས་བཏང་ནས་མཉམ་ལས་གཉིས་ཁེ་བྱུང་བ།
སྦེ་པ་གྲོང་རྡལ་གྱིས་སྲིད་གཞུང་གི་མ་འཇོག་མ་དངུལ་དང་ད་ཡོད་ཁྱི་ཐོན་ལས་རྟེན་གཞི་བསྡུ་སྒྲིལ་བྱས་ནས་ཐོན་ལས་མཉམ་ལས་དང་ཐོན་ཁུངས་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། བྲག་ཡིབ་ཆུས་ཕྱི་ནང་གི་ལས་སྣོན་དང་ཕྱིར་ཚོང་ཀུང་སིའི་དབར་ཐོན་ལས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་ཐོན་ལས་འཁོར་འབྲེལ་སྔར་བས་སྣུར་སྲིང་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཞི་ཁྱོན་ཅན་དང་། རྩ་འཛུགས་ཅན། ཁྲོམ་ར་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱས་པ་རེད།
མིག་སྔའི་བར་ཉིང་ཁྲི་ས་སྐྱིད་པོ་ཁེ་ལས་ཚད་ཡོད་ཀུང་སིའི་མིང་ཐོག་ཏུ་འཛིན་པ་གྲོང་ཚོའི་ས་མཐོའི་ཀུ་ཤུ་སྡོང་ཕྲུག་གསོ་སྤེལ་རྟེན་གཞི་དང་སྦེ་པ་གྲོང་ཚོའི་སྲོང་བཙན་སྦྲ་གུར་སྒར་ས་སོགས་ཐོན་ལས་རྣམ་གྲངས་5ཡོད་པར་བསྡོམས་མ་རྩ་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་པ་དང་། གྲོང་རྡལ་ཡོངས་སུ་གྲོང་ཚོ་11གི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཟིན་ཡོད་པ་རེད།
གཙོ་ཁྲིད་ཐོན་ལས་ཡོད་སྟབས་ས་གནས་དེ་གའི་གྲོང་མིར་ཡོང་འབབ་བྱུང་ཞིང་། སྦེ་པ་གྲོང་རྡལ་གྱིས་ཁོངས་གཏོགས་ཁུལ་གྱི་ཡུལ་མི་སྐུལ་སློང་བྱས་ནས་ཉིང་ཁྲི་ས་སྐྱིད་པོ་ཁེ་ལས་ཚད་ཡོད་ཀུང་སིའི་མིང་ཐོག་གི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་གང་ཐུབ་བྱས་ཤིང་། རིམ་རྩིས་བྱས་ན་མི་ཐེངས་5000ལྷག་ཙམ་དེའི་ནང་ཞུགས་པ་དང་འབྲེལ། མི་46གི་ལས་ཞུགས་གནད་དོན་ཐག་བཅད་པ་དང་གླ་ཆ་སྒོར་ཁྲི་800ལྷག་ཙམ་སྤྲད་པ་རེད།