གྲ་ནང་རྫོང་གི་ཞིང་འབྲོག་པ་ཚོགས་པ་བསྒྲིགས་ཏེ་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་དུ་ལས་ཀར་བསྐྱོད་པ།
ཟླ་བ་ལྔ་པར་གྲ་ནང་དུ་དབྱར་གྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། གྲ་ནང་རྫོང་རྔ་སྒྲ་ཤང་གི་བཀྲ་ཤིས་ཚེ་རིང་སོགས་ཞིང་འབྲོག་པ་བཅུ་ལྷག་ཙམ་ཡར་ཀླུང་གཙང་པོའི་ངོགས་སུ་གནས་པའི་ཕ་ཡུལ་ནས་ཁ་གྱེས་ཏེ་སྤྱི་ལེ་3200ལྷག་ཙམ་གྱི་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་དུ་བསྐྱོད་པ་རེད།
ཉེ་ཆར། གྲ་ནང་རྫོང་མི་སྤྱི་ཅུས་ཀྱིས་2024ལོའི་ཞིང་འབྲོག་པ་ཚོགས་པ་བསྒྲིགས་ཏེ་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་དུ་ལས་ཀར་བསྐྱོད་པའི་སྔོན་འགྲོའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཀྲུའུ་ཀྲོའུ་གྲོང་ཁྱེར་དུ་སྐྱོད་མཁན་གྱི་ཞིང་འབྲོག་མང་ཚོགས་བཅུ་ལྷག་ཙམ་ལ་ལྗོངས་ཕྱིར་ལས་ཞུགས་ལ་རྒྱབ་སྐྱོར་གྱི་སྲིད་ཇུས་ཡག་པོ་སྤྱོད་པ་དང་། ལྗོངས་ཕྱིའི་ལས་ཞུགས་གོ་སྐབས་ལ་གཅེས་སྤྲས་བྱེད་པ། ལས་ཀའི་ཁྲོད་ལག་རྩལ་ནན་ཏན་སྦྱོང་བ། ལས་ཀ་ཏན་ཏན་ཏིག་ཏིག་བྱེད་པ། ཀྲུའུ་ཀྲོའུ་རུ་རང་ཉིད་ཀྱི་བྱ་གཞག་གཏོད་པ་བཅས་བྱས་ནས་བོད་ལྗོངས་དང་ཧུའུ་ནན་ས་ཁུལ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མི་རིགས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་ཏུ་འགྱུར་བར་བྱེད་དགོས་པ་མ་ཟད། དེ་དང་དུས་མཚུངས་སུ་ཞིང་འབྲོག་པ་དེ་བས་མང་བ་ལྗོངས་ཕྱི་རུ་ལས་ཞུགས་བྱས་ནས་ཡོང་འབབ་གསོག་པར་སྐུལ་ཁྲིད་ཀྱང་བྱེད་དགོས་པའི་སྐུལ་ལྕག་བཏང་བ་རེད།
ད་རེས་བཀྲ་ཤིས་ཚེ་རིང་གངས་ལྗོངས་ས་མཐོ་ནས་ཁ་བྲལ་ཐེངས་དང་པོ་ཡིན་པས། ལས་ཀ་གསར་པ་དང་འཚོ་བ་གསར་པར་བལྟོས་ནས་ཁོ་པས“ངས་ད་ཐེངས་ཀྱི་ལས་ཞུགས་གོ་སྐབས་དེ་ལ་ངེས་པར་དུ་གཅེས་སྤྲས་ཡག་པོ་བྱས་ཏེ་ལག་རྩལ་ཧུར་ཐག་སྦྱངས་ནས་ཕྱིན་ཆད་ཕ་ཡུལ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་འབུལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད། དེ་ནི་ཁག་དེའི“ཚོགས་སྒྲིག”བྱས་ཏེ་ཀྲུའུ་ཀྲོའུ་རུ་ལས་ཞུགས་བྱེད་དུ་སྐྱོད་མཁན་གྱི་ཞིང་འབྲོག་མང་ཚོགས་ཚང་མའི་སེམས་གཏིང་གི་སྐད་ཆའང་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུའུ་ཀྲོའུ་དུས་རབས་སྡེ་ལས་དོ་དམ་འགན་འཁྲི་ཚད་ཡོད་ཀུང་སི་དང་ཀྲུའུ་ཀྲོའུ་གྲོང་ཁྱེར་མཛེས་མཚར་ཨང་དང་པོ་སྨན་བཅོས་མཛེས་བཟོ་ཁང་སོགས་ཀུང་སི་བཅུ་ལྷག་ཙམ་གྱིས་ཐག་རིང་ནས་ཡོང་བའི་གྲ་ནང་རྫོང་གི་ཞིང་འབྲོག་མང་ཚོགས་ལ་སྲིད་འཛིན་ལས་མི་དང་མཛེས་བཟོའི་ལག་རྩལ་པ་སོགས་ལས་གནས་བརྒྱ་ཙམ་མཁོ་འདོན་བྱས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུའུ་ཀྲོའུ་གྲོང་ཁྱེར་གྱིས་ཐབས་ལམ་སྣ་མང་བརྒྱུད་ལས་ཞུགས་བོད་སྐྱོར་བྱས་ཏེ་རེ་འདུན་ལ་འབྲེལ་མཐུད་གནད་སྨིན་བྱས་ཡོད། ལྷག་པར་དུ། ད་ལོ་ནས་བཟུང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཀྲུའུ་ཀྲོའུ་ལས་དོན་ཚོགས་ཆུང་གིས་གྲ་ནང་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་དེ་ལས་ཞུགས་སྲིད་ཇུས“སྒོ་རྡུང་བྱ་སྤྱོད”སྤེལ་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དགོས་མཁོར་འབྲེལ་མཐུད་དམ་ཟབ་བྱས་པ་དང་། ཀྲུའུ་ཀྲོའུ་ཡི་ཁེ་ལས་དང་ཧུའུ་ནན་གྱི་བོད་སྐྱོར་ཁེ་ལས་སོགས་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བོད་རིགས་སྤུན་ཟླར་སྤུས་ལེགས་ཀྱི་ལས་ཞུགས་ལས་གནས་མཁོ་འདོན་བྱས་ནས། གྲ་ནང་རྫོང་གི་ཞིང་འབྲོག་པ་དེ་བས་མང་བ་ཀྲུའུ་ཀྲོའུ་རུ་ལས་ཀ་ཡོད་པ་དང་། འཚོ་བ་སྐྱེལ་བ། གཞི་ཚུགས་པ་བཅས་ཡོང་བར་སྐུལ་འདེད་བཏང་བ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ཟླ་12པའི་ཟླ་མཇུག་བར་གྲ་ནང་རྫོང་ནས་ཁྱོན་མི་གྲངས་5188ལས་ཞུགས་ལས་གཏོད་གཞན་སྒྱུར་ལམ་བུར་བསྐྱོད་པ་དང་། རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་3982.34བྱུང་ཡོད། དེའི་ཁྲོད་དབུལ་སྒྲོལ་མང་ཚོགས་ལས་ཞུགས་གཞན་སྒྱུར་མངོན་འགྱུར་ཐུབ་ཚད་མི་གྲངས་4884ཟིན་ཡོད། ཀྲུའུ་ཀྲོའུ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། འཛུགས་སྐྲུན་ཁྱབ་རྒྱ་སྔར་བས་རྒྱ་ཆེ་རུ་གཏོང་བ། ཕྱོགས་ཡོངས་ཀྱི་ཞབས་ཞུ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། བོད་རིགས་སྤུན་ཟླ་ཀྲུའུ་ཀྲོའུ་རུ་ལས་ཞུགས་དང་གཞིས་ཆགས་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།