ཤན་རྩ་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱས་པའི་སྐོར་བཀོད་པ།
ཉེ་ཆར་ཤན་རྩྭ་རྫོང་གི“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་བྱེད་སྒོ་སྐབས་གསུམ་པ་སྤེལ་རིང་། གཡོས་སྦྱོར་དང་། གྱང་རྩེག་པ། རྩམ་པ་འཐག་པ། འོ་མ་དཀྲོག་པ་སོགས་ཞིང་འབྲོག་པའི་རྩལ་ནུས་འགྲན་བསྡུར་ཆེན་པོའི་རྫོང་རིམ་པའི་མཐའ་བསྡུར་འཁྲུག་ཆ་དོད་པོ་ཞིག་བྱས་ཤིང་། རྣམ་གྲངས་བཅུ་གཉིས་ལ་འགྲན་བསྡུར་བྱས་མཐར་འགྲན་ཞུགས་བདམས་ཐོན་པ་288ཀྱིས་རྫོང་རིམ་པའི་མཐའ་བསྡུར་གྱི་གར་སྟེགས་སུ་རང་རང་གི་བློ་གྲོས་དང་རྩལ་ནུས་ཡོད་ཚད་ངོམས་ཏེ་སྤྲོ་བ་རབ་ཏུ་འཕེལ་བའི་སྒོ་ནས་དུས་རབས་གསར་པའི་ཞིང་འབྲོག་པའི་ཉམས་བཟང་མངོན་པར་བྱས་ཡོད།
“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་སྦྱོང་བའམ་རྩལ་ནུས་ལ་ཞིབ་འཇུག་བྱེད་པའི་ཧུར་སེམས་དང་། རྩལ་ནུས་ལ་འགྲན་པའི་གསར་གཏོད་རང་བཞིན་ཆེ་རུ་སོང་ལ། ཤེས་ལྡན་པ་གསོ་སྦྱོང་ལ་སྐུལ་སྤེལ་དང་། ཤེས་ལྡན་པའི་གསར་གཏོད་སྐུལ་སྤེལ། ཤེས་ལྡན་པའི་གསོན་ཤུགས་འཕེལ་བ་བཅས་ལ་རྩལ་ནུས་འགྲན་བསྡུར་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
འདི་ལོ་ནས་བཟུང་། ཤན་རྩ་རྫོང་གིས་ལས་ཞུགས་གཞན་སྒྱུར་ལས་དོན་ལ་མཐོང་ཆེན་པོ་བྱས་ཏེ་བྱ་ཐབས་སྣ་མང་སྤྱད་ནས་ལས་ཞུགས་ལས་གནས་འཚོལ་བའི་ཐབས་ལམ་གུ་དོག་ཅིང་དཀའ་ངལ་ཆེ་བའི་གནད་དོན་ཐག་གཅོད་བྱས་ཏེ། ལྷ་ས་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་གྱི་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་མི་ཤུགས་ཐོན་ཁུངས་ཀུང་སི་ཁག་གཅིག་དང་ཡུན་རིང་མཉམ་ལས་བྱས་ནས་དམིགས་ས་ཡོད་པའི་སྒོ་ནས་ཟླ་རེར་ཞིང་འབྲོག་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་སྣ་ཚོགས་མཁོ་འདོན་བྱས་ཤིང་། “ཤན་རྩའི་མི་སྤྱིའི”སྐད་འཕྲིན་སྤྱི་རྟགས་དང་། གཞི་རིམ་ངལ་རྩོལ་ལས་ཞུགས་འགན་སྲུང་ཞབས་ཞུའི་ལས་སྟེགས། གྲོང་གསེབ་ངལ་ནུས་ཕྱིར་གཏོང་ཞབས་ཞུའི་ས་ཚིགས(ཁང) ཤན་རྩ་རྫོང་ཕྱོགས་བསྡུས་ཚན་རྩལ་གསར་གཏོད་སྐྱེད་སྲིང་རྟེན་གཞི་སོགས་ཀྱི་ལས་སྟེགས་དང་ཐབས་ལམ་མང་པོ་བརྒྱུད་ལས་ཞུགས་ལས་གནས་དང་ལས་ཞུགས་སྲིད་ཇུས་མང་ཚོགས་ལ་ཁྱབ་སྤེལ་བྱས་པ་མ་ཟད། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལས་དོན་ལ་བརྟེན་ནས་མངགས་ཐོ་གཏན་འཁེལ་དང་། སྦྱོང་བརྡར་ལས་ཚབ། ལས་ཞུགས་གོང་གི་གསོ་སྦྱོང་བཅས་གཙོ་བོར་བྱས་པའི་གསོ་སྦྱོང་བྱེད་སྟངས་ཕྱོགས་ཡོངས་ནས་སྤྱད་སྟབས་གསོ་སྦྱོང་གྲུབ་རྗེས་འཕྲལ་མར་ལས་ཞུགས་སམ་ལས་གནས་སུ་སྐྱོད་ཐུབ་པ་དང་། འཛུགས་སྐྲུན་ཚན་པ་དང་ཨར་སྐྲུན་ཁེ་ལས་ཁག་དང་མཐུན་སྦྱོར་བྱས་ཏེ་ལས་གྲྭའི་རྣམ་གྲངས་ཁྱབ་ཁོངས་སུ་ལས་མི་བེད་སྤྱོད་ཀྱི་དགོས་མཁོ་སྔོག་འདོན་བྱས་ཏེ་རྫོང་མི་སྤྱི་ཅུས་ཀྱིས་སྣེ་ཁྲིད་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་གང་ཐུབ་བྱེད་པའི་རྩ་དོན་ལ་གཞིགས་ནས་ཞིང་འབྲོག་པར་ལས་གནས་ལས་ཞུགས་འབྲེལ་མཐུད་ཡོང་བར་བྱས་ཡོད།
ཟླ་6ཚེས་4ཉིན། ནག་ཆུ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཤན་རྩ་རྫོང་གི་ཞིང་འབྲོག་མང་ཚོགས་ལ་ཕྱོགས་ནས་གཞིས་རྩེའི་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་ཀྱི་དྲོད་ཁང་ཆེན་པོར་ལས་གནས་40མཁོ་འདོན་བྱས་ཤིང་། ཆ་འཕྲིན་འབྱོར་རྗེས་ཤན་རྩྭ་རྫོང་གིས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་རྫོང་གི“མཉམ་དུ་མདུན་སྐྱོད”འབུད་འབུངས་རུ་ཁག་དང་ཤང་དང་གྲོང་རྡལ་ཁག་གིས་དྲིལ་བསྒྲགས་སྐུལ་སློང་དང་མིང་ཐོ་འགོད་པའི་ལས་དོན་སྤེལ་བར་ཉིན་དེར་མི་43གྱིས་ཐོ་བཀོད་ཡོད།
“མཉམ་དུ་མདུན་སྐྱོད”འབད་འབུངས་རུ་ཁག་ནི་ནག་ཆུ་གྲོང་ཁྱེར་གྱི“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་བྱེད་སྒོ་སྲ་བརྟན་རྒྱ་སྐྱེད་གཏོང་བའི་གྲུབ་འབྲས་གཞན་སྒྱུར་གྱི་ལས་སྟེགས་ཤིག་ཡིན་ཞིང་། “མཉམ་དུ་མདུན་སྐྱོད”འབད་འབུངས་རུ་ཁག་གིས་དཔུང་ཁག་འཛུགས་སྐྱོང་ལ་སྣང་ཆེན་དང་། གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བཅས་བྱས་ཏེ“མཉམ་དུ་མདུན་སྐྱོད”འབད་འབུངས་རུ་ཁག་གི་ཤེས་ལྡན་པའི་མཛོད་རགས་ཙམ་བཙུགས་ཡོད།
ད་ཐེངས་ཀྱི་ལས་ཞུགས་ནི་ཤན་རྩ་རྫོང་གིས་2024ལོ་ཚུན་སྤེལ་བའི“ཚོགས་སྒྲིག་རྣམ་པའི”ཕྱིར་ལས་ཞུགས་བྱེད་ཐེངས་བཞི་པ་ཡིན་ཞིང་། ཤན་རྩ་རྫོང་གིས་ལས་ཞུགས་གཞན་སྒྱུར་ལས་དོན་ལ“ལས་ཀ་འཚོལ་ཐུབ་པ་དང་། ཕྱིར་སྐྱོད་ཐུབ་པ། བརྟན་པོར་གནས་ཐུབ་པ”མཐའ་འཁྱོངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྤུན་ཟླའི་རྫོང་དང་ཆུས་ཀྱི་ཉམས་མྱོང་སློབ་སྦྱོང་བྱེད་པ། བསམ་བློའི་འདུ་ཤེས་བསྒྱུར་རྒྱུར་སྣེ་ཁྲིད་པ། ལས་ཞུགས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྲིད་ཇུས་ཀྱི་ཐ་སྐྱོང་འགན་སྲུང་དོན་འཁྱོལ། ལས་གནས་སྔོག་འདོན་གྱི་ཐབས་ལམ་ཡངས་སུ་གཏོང་བ། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ཀྱི་དཔེ་མཚོན་སྔོག་འདོན་བྱེད་པ། ཕྱིར་ལས་ཞུགས་བཀོད་སྒྲིག་དང་འཚམས་འདྲིར་ཤུགས་སྣོན་རྒྱག་པ། གླ་པ་རྒྱུག་མཁན་གྱི་གླ་ཆ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་གཞུང་གི་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས་11ཐད་ནས་ལས་ཞུགས་གཞན་སྒྱུར་ལས་དོན་གྱི་བྱ་ཐབས་ཕུན་སུམ་ཚོགས་སུ་བཏང་སྟེ་ལས་གནས་ལས་ཞུགས་ལ་སྐུལ་འདེད་བཏང་ནས་ལས་ཀར་མཐོང་ཆེན་དང་། བཀོད་སྒྲིག་ཞིབ་ཚགས། དོན་འཁྱོལ་འཕྲལ་སྒྲུབ། ཞབས་འདེགས་གནད་འཁེལ་འགན་སྲུང་བཅས་ཡོང་བ་བྱས་ཡོད།