མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཁྱུང་ལུང་གྲོང་ཚོ། མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་འཚོ་བ།
ཟླ་དྲུག་པའི་མངའ་རིས་སུ་སྔོ་ལྗང་གིས་བཀླུབས་པའི་དབྱར་ཉམས་ཤིག་མངོན་ཞིང་། གསར་འགོད་པ་དང་བཅས་པ་སེང་གེ་ཁ་འབབ་ཀྱི་ལུང་ཤུར་དུ་རླངས་འཁོར་བཏང་ནས་འགྲོ་སྐབས། རི་བོ་མཐོ་དམན་གཅིག་ལ་གཅིག་འབྲེལ་ཞིང་གཞུང་ལམ་ཀྱག་ཀྱོག་ཏུ་སྲིང་བ་དང་། ཆུ་བོ་དྲག་ཏུ་རྒྱུག་བཞིན་ཡོད་པ་མ་ཟད། སེང་གེ་ཁ་འབབ་དེ་དར་སྔོན་པོ་ཞིག་གིས་ང་ཚོ་དབེན་པའི་གནས་འདིར་འབོད་པ་དང་གཉིས་སུ་མ་མཆིས།
ལ་ཞིག་བརྒྱབ་རྗེས་རྩྭ་ཆུ་བཟང་ཞིང་ཡུལ་ལྗོངས་ལྟ་ན་སྡུག་པའི་གཤོངས་ས་ཞིག་འདྲེན་བྱེད་ཡུལ་དུ་སྣང་བས་འཕྲལ་མ་ཉིད་དུ་སེམས་བག་ཡངས་པོར་གྱུར་ཞིང་། དེའི་ཁྲོད་མེ་ཏོག་དང་རྩྭ་རྩི་ཤིང་གིས་བསྐོར་བའི་གྲོང་སྡེ་ཞིག་ཡོད། དེ་ནི་རྩྭ་མདའ་རྫོང་མདའ་འབབ་ཤང་ཁྱུང་ལུང་གྲོང་ཚོ་རེད།
ཁྱུང་ལུང་གྲོང་ཚོ་ནི་སེང་གེ་ཁ་འབབ་སྟོད་རྒྱུད་ཀྱི་ལྷོ་ཕྱོགས་སུ་གནས་པ་དང་། མངའ་རིས་ཀྱི་ཡུལ་སྐོར་གནས་མཆོག་ཁྱུང་ལུང་དངུལ་མཁར་གྱི་ཁ་སྤྲོད་དུ་ཆགས། གྲོང་སྡེར་སྐྱོད་སྐབས། སྟར་པ་རེ་རེ་བཞིན་གྲལ་འགྲིག་པོར་གནས་པའི་སྡོད་ཁང་གི་རྒྱབ་མདུན་དུ་སྔོ་ཐིང་ངེར་གནས་ལ་རྩྭ་ཐང་སྟེང་སྐལ་བཟང་མེ་ཏོག་གིས་མགོ་བོ་ཡང་ཡང་ལྡེམ་བཞིན་མཆིས།
ལོ་43ལ་སླེབས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བདེ་ཆེན་རྒྱལ་པོ་གྲོང་ཚོའི་ཤིང་འཛུགས་སར་ཆུ་གཏོང་བར་ཕྱིན་ནས་ད་ལྟ་རང་ལོག་འོང་བ་དང་། ལྷམ་གྱི་མཐིལ་ལ་འདམ་བག་གིས་ཁེངས། “ང་ཚོ་གྲོང་ཚོའི་ཏང་ཡོན་གྱིས་གཟའ་འཁོར་རེར་རེས་མོས་བྱས་ནས་ཤིང་འཛུགས་སར་ཆུ་གཏོང་བར་འགྲོ་གི་ཡོད། ད་རེས་རང་ཉིད་ལ་འཁེལ་ནས་འདམ་བག་འདི་འདྲ་འགོས་འདུག”ཅེས་བདེ་ཆེན་རྒྱལ་པོས་ཅུང་འཚེར་བའི་ངང་གསར་འགོད་པར་འགྲེལ་བཤད་རྒྱག་བཞིན་དུ་བཤད།
“ང་ཆུང་དུས་ནས་རྩྭ་རྩི་ཤིང་ལ་དགའ་པོ་ཡོད། ཕྱུགས་འཚོ་སྐབས་ངས་ཡང་སེ་སྤང་སྔོན་པོའི་སྟེང་བསྡད་དེ་རང་ཉིད་རྩྭ་ཆུང་ཆུང་ཞིག་དང་འདྲ་བར་རི་ཁྲོད་དུ་སྐྱེས་ན་སྙམ་པའི་འཆར་སྣང་རྟག་ཏུ་འོང་གི་འདུག”ཅེས་བདེ་ཆེན་རྒྱལ་པོས་གསར་འགོད་པར་བཤད་ཅིང་། གྲོང་ཚོའི་ཧྲུའུ་ཅིའི་འགན་ཁུར་ཚུན། ཁོང་གིས་ཡུལ་མིའི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་པ་མ་ཟད། ཡུལ་མིའི་སྣེ་ཁྲིད་ནས་གྲོང་སྡེ་སྔོ་འགྱུར་དང་མཛེས་བཟོའི་ལས་ལ་ཞུགས་སྟབས“གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིས་སྣེ་ཁྲིད་ནས་ལས་དོན་སྒྲུབ་པ་དང་། ཏང་ཡོན་གྱིས་མིག་དཔེ་བསྟན་ནས་ལས་དོན་སྒྲུབ་པ། ཡུལ་མིས་རྗེས་སུ་འབྲངས་ནས་ལས་དོན་སྒྲུབ་པའི”རྣམ་པ་ཟབ་མོ་ཞིག་ཆགས་ཏེ་གྲོང་སྡེ་དེ་བས་མཛེས་སུ་ཕྱིན་ཡོད།
ཁྱུང་ལུང་གྲོང་ཚོའི་ཚོགས་ཆུང་གཉིས་པར་ད་དུང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡོད་པ་དེ་ནི་རྒྱ་ཉི་མའི་བྱའི་གླིང་ཕྲན་དེ་རེད། དེར་གནས་བཅའ་བའི་བྱ་རིགས་མང་ལ། ཉེ་འཁོར་དུ་རི་ཆུ་ཕན་ཚུན་འགྲན་པ་ལྟར་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་ཡོད། རྒྱ་ཉི་མའི་བྱའི་གླིང་ཕྲན་གྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་སྲུང་སྐྱོང་ཡག་པོ་བྱ་ཆེད། ཁྱུང་ལུང་གྲོང་ཚོས་སྐྱེ་ཁམས་ལས་གནས་སུ་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ཏེ་མཚོའི་ཉེ་འཁོར་དུ་དུས་ངེས་མེད་ངང་སྐོར་གཡེང་དང་གད་སྙིགས་གཙང་སེལ་བྱས་ནས། ནམ་མཁའ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་གཙང་། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བར་བྱས་ཡོད།
“ཁོར་ཡུག་མཛེས་སུ་ཕྱིན་པས་ཚང་མའི་སེམས་ཀྱི་འཁྱེར་སོ་ཡག་ཏུ་ཕྱིན་ནས་ཕྱུག་འགྱུར་འབྱོར་འབྲིང་གི་ལམ་དུ་སྐྱོད་པའི་ངར་ཤུགས་ཀྱང་སྔར་བས་འཕེལ་བཞིན་ཡོད”ཅེས་བདེ་ཆེན་རྒྱལ་པོས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།