ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་པ།
ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་སྦེ་པ་གྲོང་ཚོས་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་གནས་བབ་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མ་འཇོག་བྱེད་མཁན་མང་པོའི་ཡིད་དབང་བཀུག་ཡོད། 2022ལོར་སྲོང་བཙན་ཚོགས་པ་འདོད་མོས་བཞིན་དེ་གར་གཞིས་ཆགས་ཤིང་། སྦེ་པ་གྲོང་ཚོའི་ཏང་ཀྲི་པུས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་གྱིས་ཡུལ་མིའི་སྣེ་ཁྲིད་དེ་ཁེ་ལས་དང་མཉམ་ལས་གཏིང་ཟབ་བྱས་ནས“རང་འགུལ་ངང་ཞབས་འདེགས་ཞུ་བ་དང་ཡུན་རིང་ཕན་པ་ཐོབ་པའི”ཐུན་མོང་གི་ངོས་འཛིན་བྱུང་བ་དང་འབྲེལ“བོགས་དངུལ་མི་བསྡུ་བ་དང་མ་གནས་ཉུང་དུ་གཏོང་བའི”ཚོང་འགུགས་བྱ་ཐབས་བཏོན་པ་བརྒྱུད། མཐར་སྲོང་བཙན་སྦྲ་གུར་སྒར་སའི་རྣམ་གྲངས་སྦེ་པ་གྲོང་ཚོར་བསྐྲུན་པ་རེད།
ལོ་དེའི་ཟླ་བདུན་པར་ཕྱོགས་གཉིས་པོས་མཉམ་ལས་བྱས་པའི་སྲོང་བཙན་སྦྲ་གུར་སྒར་སའི་རྣམ་གྲངས་དངོས་སུ་གཉེར་སྐྱོང་བྱས་པ་རེད། རྣམ་གྲངས་དོན་འཁྱོལ་གཉེར་སྐྱོང་བྱས་པ་ལས་ས་གནས་དེ་གའི་གྲོང་མིར་ཕན་འབྲས་ཆེན་པོ་ཐོན་པ་རེད། མང་ཚོགས་37ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་སྟེ་ཆ་སྙོམས་ཟླ་རེར་གླ་ཕོགས་སྒོར་4000ཡན་ཟིན་ནས་ས་གནས་དེ་གའི་ལས་ཞུགས་གནོན་ཤུགས་ཆུང་དུ་བཏང་བ་དང་དུས་མཚུངས། སྦེ་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད། དུས་ཐུང་ལོ་གཅིག་རིང་སྦེ་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་དེ་སྔའི་ལོ་གཅིག་ལ་སྒོར་ཁྲི་4ཡང་མེད་པ་ནས་ད་ལྟའི་སྒོར་ཁྲི་80ལྷག་ཙམ་བར་འཕར་ནས་ཡུལ་མིའི་ཕྱུག་འགྱུར་གྱི་ཡིད་ཆེས་ཆེ་རུ་ཏན་ཏིག་ཕྱིན་པ་རེད།
ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་ཀྱིས་ཤང་དང་གྲོང་རྡལ་དང་གྲོང་ཚོ་ཁག་ལ་མཉམ་ལས་བྱེད་སྟངས་གསར་གཏོད་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་གསར་གཏོད་བྱེད་ཕོད་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཤང་དང་གྲོང་རྡལ་ཁག་གིས་ཡུལ་བབ་དང་བསྟུན་ཏེ་རང་རང་གི་ཁྱད་ཆོས་ལྡན་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་གཅིག་རྗེས་གཉིས་མཐུད་ངང་བཏོད་པ་རེད། དེའི་ནང་སྦེ་པ་གྲོང་རྡལ་གྱིས་གྲོང་ཚོ་12དང་མཉམ་འབྲེལ་བྱས་ཏེ་ས་སྐྱིད་པོ་ཁེ་ལས་ཚད་ཡོད་ཀུང་སི་བཙུགས་པ་དང་། བུ་ཆུ་ཤང་གིས་གྲོང་འབྲེལ་མཉམ་སྐྲུན་གྱི་འཕེལ་རྒྱས་རྣམ་པ་གཏིང་ཟབ་ཏུ་བཏང་ནས་ཤང་ཡོངས་ཀྱི་གྲོང་ཚོ་10ཡུག་ཁུལ་3ལ་དབྱེ་ནས་གྲོང་ཚོ་སྟོབས་ཆེན་གྱིས“ཆུང་རིང་ཉམས་ཞན”གྱི་གྲོང་ཚོར་འཕེལ་རྒྱས་གཏོང་རོགས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡུག་སྦྲེལ་འཕེལ་རྒྱས་བཏང་བ་རེད། བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོས་ཉིང་ཁྲི་གྲོང་ཁྱེར་གྱི་ཆེད་ལས་ཨར་ལས་རྒྱུ་ཆའི་ཁྲོམ་ར་ཆེ་གྲས་ཐོག་མ་བསྐྲུན་པས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་450ཡོང་གི་ཡོད།
གྲངས་གཞི་ལས་མངོན་གསལ། 2023ལོར་བྲག་ཡིབ་ཆུས་ཀྱི་གྲོང་ཚོ(གྲོང་ལྷན)75ཡི་ཁྲོད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་50ཡན་ཟིན་པའི་གྲོང་ཚོ21ཡོད་པ་དེའི་ནང་སྒོར་ཁྲི་200ཡན་ཟིན་པའི་གྲོང་ཚོ་6ཡོད་ཟིན་ནས། སྐྱོན་བྲལ་ངང་འཕེལ་རྒྱས་དང་གྲུབ་འབྲས་མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད།