མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཧོར་ཤང་གུང་རྒྱུད་གྲོང་ཚོས་ཕྱུག་འགྱུར་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་སྐྱོད་པ།
དབྱར་ཐོག་མའི་དུས་སུ་ཁ་ལག་བཟས་རྗེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཧོར་ཤང་གུང་རྒྱུད་གྲོང་ཚོའི་གྲོང་མི་ཚོས་གཙང་ལ་གྲལ་འགྲིག་པའི་འགྲོ་ལམ་དུ་དལ་དལ་ལྷོད་ལྷོད་ཀྱིས་འཆམ་འཆམ་བྱེད་པ་དང་། རྒན་རྒོན་ཚོ་བག་ཕེབས་ངང་ཉི་མར་བསྲོ་བཞིན་ཡོད་པ། གྲུང་ཤ་དོད་པའི་ཕྲུ་གུ་ཚོ་གྲོང་ཚོའི་འགྲོ་ལམ་ཐོག་རྩེད་མོ་རྩེ་བ་སོགས་གྲོང་སྡེ་མཛེས་ལ་གྲལ་འགྲིག་པ་དང་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དལ་བུར་མངོན་བཞིན་ཡོད།
ཕུན་ཚོགས་བཀྲ་ཤིས། འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་ནི་ཏང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད།
ཕུན་ཚོགས་བཀྲ་ཤིས་ཆུང་དུས་ཨ་མ་ཚེ་ལས་འདས་པ་དང་ཨ་ཕས་བུའི་བདེ་སྡུག་ལ་བསམ་བློ་རྩ་བ་ནས་གཏོང་གི་མེད། འཚོ་ཐབས་རྐྱེན་གྱིས་ལོ་ན་ཆུང་བའི་ཕུན་ཚོགས་བཀྲ་ཤིས་ཀྱིས་གང་སར་ཕྱོགས་ངེས་མེད་དུ་ཟ་སྡོད་བྱེད་ས་གང་དུ་ཡོད་ན་དེ་གར་ཕྱུགས་འཚོ་རོགས་བྱས་ནས་བསྡད།
1996ལོར་ལོ་20ལྷག་ཙམ་ལ་སླེབས་པའི་ཕུན་ཚོགས་བཀྲ་ཤིས་ཀྱི་མི་ཚེར་འགྱུར་ལྡོག་བྱུང་། སྐབས་དེར་ཞིང་ལས་དངུལ་ཁང་སྤུ་ཧྲེང་ཧོར་ལས་གཉེར་ཁང་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཤང་གི་འབྲོག་པ་དུད་ཚང་80ལྷག་ཙམ་ལ་གྲོང་གསེབ་ཀྱི་གསོ་སྤེལ་དངུལ་བུན་བཏང་བ་རེད། ཁོང་གིས་སྒོར་4000ལྷག་ཙམ་གཡར་ནས་ལུག་20ཙམ་ཉོས་པས། དེ་ནས་བཟུང་ཕུན་ཚོགས་བཀྲ་ཤིས་མི་ཚེ་གསར་པ་ཞིག་སྐྱེལ་འགོ་ཚུགས། དེ་རྗེས་ཀྱི་ལོ་10ཡི་རིང་ཕུན་ཚོགས་བཀྲ་ཤིས་ཀྱིས་དཀའ་སྤྱད་སྙིང་རུས་དང་ངལ་བ་དང་འཁང་ར་གཉིས་བཟོད་བྱས་པས་ལུག་20ཙམ་ནས་100ལྷག་ཙམ་བར་མང་དུ་ཕྱིན་པ་དང་། དེའི་རིང་ད་དུང་འབྲི་གཡག་20ལྷག་ཙམ་ཉོས་ནས་རིམ་བཞིན་འབྱོར་འབྲིང་གི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད། ཁོང་གི་ཏན་ཏིག་ངང་ལས་དོན་སྒྲུབ་ཕོད་པའི་སྙིང་རུས་ལ་ལས་བྱེད་པ་དང་མང་ཚོགས་ཀྱི་ཁས་ལེན་མགྲིན་གཅིག་ཏུ་ཐོབ་ནས་ཚང་མས་གུང་རྒྱུད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད།
2004ལོར་ཕུན་ཚོགས་བཀྲ་ཤིས་ཀྱིས་སྒོར་5000ལྷག་ཙམ་བཏོན་ནས་སྨི་ངོས་གྲུ་30ཡོད་པའི་སོ་ཕག་གི་ཁང་པ་ཞིག་ཉོས་པ་དང་། 2010ལོར་སྲིད་གཞུང་གི་རོགས་སྐྱོར་འོག་སྨི་ངོས་གྲུ་70ཡོད་པའི་བདེ་སྡོད་ལས་གྲྭའི་ཁང་པ་གསར་པར་སྤོས་པ། 2020ལོར་ཁོང་གིས་རང་ཁྱིམ་གྱི་ཕྱུགས་ཟོག་བཙོངས་པའི་ཁར་སླར་ཡང་དངུལ་བུན་སྒོར་ཁྲི་30ལྷག་ཙམ་གཡར་ནས་སྒོར་ཁྲི་80བཏང་སྟེ་སྨི་ངོས་གྲུ་200ལྷག་ཙམ་ཡོད་པའི་ཕྱི་གླིང་དབྱིབས་ཀྱི་ཐོག་སོ་ཉིས་ལྡན་གྱི་ཁང་པ་ཞིག་བརྒྱབ།
“ང་ཚོ་ནང་མི་ཚོ་ཉིས་ཐོག་ཏུ་སྡོད་ཀྱི་ཡོད། ཐོག་སོ་དང་པོའི་ཁང་པ་ཚང་མ་ཚོང་པར་བོགས་མར་བཏང་བར་ལོ་རེར་ཁང་གླ་སྒོར་ཁྲི་2ལྷག་འདུག”ཅེས་ཕུན་ཚོགས་བཀྲ་ཤིས་ཀྱིས་བཤད།
2021ལོར་ཕུན་ཚོགས་བཀྲ་ཤིས་རྒྱལ་ཁབ་ཀྱི་ཤང་གི་ལས་བྱེད་པ་འདེམས་སྒྲུག་ཡིག་རྒྱུགས་འཕྲོད་ནས་ཆ་རྐྱེན་ཁག་དང་མཐུན་ཏེ་ཧོར་ཤང་གི་ཤང་ཀྲང་གཞོན་པར་གོ་གནས་འཕར་བ་རེད།
“དེ་རིང་གི་བདེ་སྐྱིད་འཚོ་བ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། ངས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མང་ཚོགས་དེ་བས་མང་བའི་སྣེ་ཁྲིད་དེ་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཕུན་ཚོགས་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་བཞིན་དུ་བཤད།
དགྲ་འདུལ། འབྲི་གཡག་གསོ་སྤེལ་བྱས་པས་ཡོང་འབབ་མང་དུ་ཕྱིན་སོང་།
ཧོར་ཤང་གི་འབྲི་གཡག་གསོ་སྤེལ་རྟེན་གཞིའི་ནང་གསར་འགོད་པས་ལྷས་ར་རྒྱ་ཆེ་ཞིང་དཀར་ཆ་དོད་པ་དང་། རྫིང་བུ་དང་རྩྭ་ཁང་སོགས་ཀྱི་ཞོར་གཏོགས་སྒྲིག་བཀོད་ཆ་ཚང་བ། ཤ་ཤེད་རྒྱས་པའི་འབྲི་གཡག་གཟན་རྩྭ་ཟ་བཞིན་ཡོད་པ་མཐོང་བྱུང་། གསོ་སྤེལ་རྟེན་གཞིའི་ལས་མི་ལ་ལས་འབྲི་གཡག་མགོ་གྲངས་རེ་རེ་བཞིན་གྱི་སྐྱེ་འཚར་ལ་ལྟ་ཞིབ་ནན་ཏན་བྱེད་བཞིན་ཡོད་པ་དང་ལ་ལས་ལྷས་རའི་ནང་ལས་ཀ་བྱེད་བཞིན་ཡོད་པ་རེད།
ཧོར་ཤང་གི་འབྲི་གཡག་གསོ་སྤེལ་དཔལ་འབྱོར་མཉམ་ལས་ཁང་གི་འགན་འཁུར་བ་དགྲ་འདུལ་གྱིས་གསར་འགོད་པར། 2019ལོར་ཧོར་ཤང་གུང་རྒྱུད་གྲོང་ཚོ་དང་སྤང་རི་གྲོང་ཚོས་མཉམ་དུ་ཧོར་ཤང་གི་འབྲི་གཡག་གསོ་སྤེལ་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་2000བཏང་ཡོད། “མཉམ་ལས་ཁང་དུ་འབྲི་གཡག་མགོ་གྲངས་584ཡོད་པས་མར་དང་། ཕྱུར་བ། འོ་མ། ཞོ་སོགས་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། མཉམ་ལས་ཁང་གིས་གཅིག་གྱུར་ཐོག་གྲོང་མིར་འཚོང་གི་ཡོད”ཅེས་བཤད།
གུང་རྒྱུད་གྲོང་ཚོའི་ཡེ་ཤེས་ཀྱིས་བཞོན་མ་གསོ་སྤེལ་རྟེན་གཞིར་ལས་ཀ་ལོ་གསུམ་ཙམ་བྱས་པ་དང་། ཁོང་གི་ལས་ཀ་གཙོ་བོ་ནི་བཞོན་མར་ལྟོ་སྟེར་བ་དང་། བ་ཚང་ལ་གཙང་སྦྲ་བྱེད་པ། འོ་མ་བཞོ་བ་བཅས་ཡིན། “གསོ་སྤེལ་རྟེན་གཞི་ནི་ངའི་ཁྱིམ་གྱི་ཉེ་འགྲམ་དུ་ཡོད། དེ་གར་ལས་མི་བསྡུ་བ་ཤེས་སྐབས་ངས་མིང་ཐོ་བཀོད་པ་ཡིན། ཟླ་རེར་གླ་ཆ་སྒོར་1800ཡོད། ལོ་གཅིག་ལ་ལས་ཀ་ཟླ་བ་དྲུག་ཙམ་བྱེད་དགོས་ཀྱི་ཡོད། ལོ་མཇུག་ཏུ་ད་དུང་ཁེ་སྤོགས་ལེན་རྒྱུ་ཡོད”ཅེས་ཉེ་འགྲམ་དུ་ལས་ཞུགས་དང་ཡོང་འབབ་བརྟན་པོ་བྱུང་བས་ཡེ་ཤེས་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་ཡོད།
ད་ཆ་མཉམ་ལས་ཁང་འཕེལ་རྒྱས་བརྟན་པོ་བྱུང་བས་དགྲ་འདུལ་གྱིས་ཡིད་ཆེས་ཀྱིས་ཁེངས་པའི་ངང་གྲོང་མི་ཚོའི་སྣེ་ཁྲིད་ནས་མཉམ་ལས་ཁང་ཡག་པོ་གཉེར་བ་དང་། འབྲི་གཡག་གསོ་སྤེལ་ཡག་པོ་བྱེད་པ། བདེ་ཐང་གི་ཐོན་རྫས་བཟོ་བ་བཅས་བྱས་ནས་ཡོང་སྒོ་དེ་བས་མང་བ་བཏོད་དེ་གྲོང་མི་དེ་བས་མང་བ་ཞིག་ལ་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་པར་བྱས་ནས་གསོ་སྤེལ་རྟེན་གཞི་དེ་བས་ཡག་པོ་གཉེར་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
རིན་ཆེན། བྱེ་རྡོ་ར་བ་གཉེར་ནས་ཕྱུག་པོ་ཆགས་སོང་།
གུང་རྒྱུད་གྲོང་ཚོའི་ཕྱུག་འགྱུར་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་གི་བྱེ་རྡོ་ར་བ་ནས་གསར་འགོད་པས་ས་འབུད་འཕྲུལ་འཁོར་གྱིས་ཆེ་ཆུང་མི་གཅིག་པའི་རྡོ་ཧྲུག་རྣམས་བྱེ་རྡོ་དབྱེ་འབྱེད་འཕྲུལ་འཁོར་ནང་བླུགས་བཞིན་ཡོད་པ་དང་བརྒྱུད་རིམ་ཧྲིལ་པོར་སྐར་མ་5ནས་10བར་ལས་འགོར་གྱི་མེད་པ་མཐོང་བྱུང་།
གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་སྔར་བས་སྟོབས་ཆེར་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད། 2018ལོར་གུང་རྒྱུད་གྲོང་ཚོས་ཕྱུག་འགྱུར་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་མཉམ་ལས་ཁང་གི་གཉེར་སྐྱོང་རྣམ་གྲངས་གཙོ་བོ་ནི་བྱེ་རྡོ་གཙང་བསིང་བྱེད་ས་དང་ཨར་སྐྲུན་དང་ཨར་ལས་རུ་ཁག་སོགས་ཡོད། མཉམ་ལས་ཁང་བཙུགས་པའི་ཐོག་མའི་དུས་སུ་གྲོང་ཚོའི་འབྲོག་དུད་93ལས་མིར་བསྡུས་པ་དང་དུད་ཚང་རེས་མཉམ་ལས་ཁང་གི་མ་རྐང་ལ་དངུལ་སྨར་སྒོར་5000རེ་བཏོན།
“2018ལོར་གུང་རྒྱུད་གྲོང་ཚོས་མཉམ་ལས་ཁང་འཛུགས་པའི་སྐུལ་སློང་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་དང་དངུལ་སྨར་བཏོན་ནས་མ་རྐང་ལ་ཞུགས་དགོས་ཞེས་བརྗོད་སྐབས་ཚང་མས་མ་རྩ་རྡིབ་དོགས་ཀྱི་སེམས་ཁྲལ་བྱེད་ཀྱི་ཡོད་པས་གྲོང་ཚོ་ཡོངས་ཀྱི་དུད་ཚང་313ནང་གི་དུད་ཚང་93ལས་མ་རྐང་ནང་ཞུགས་མེད། “སྟབས་ལེགས་པ་ཞིག་ལ་ལོ་དང་པོར་མཉམ་ལས་ཁང་ལ་ཁེ་སྤོགས་བྱུང་ནས་གྲོང་མི་དུད་ཚང་93ལ་ཁེ་སྤོགས་བགོ་རྒྱུ་བྱུང་བ་མ་ཟད། ད་དུང་འབྲས་དང་། གྲོ་ཞིབ། སྣུམ། མར་སོགས་དངོས་ཟོག་ཀྱང་སྤྲད་ཡོད”ཅེས་གུང་རྒྱུད་གྲོང་ཚོའི་ཕྱུག་འགྱུར་དབུལ་སྐྱོར་དཔལ་འབྱོར་མཉམ་ལས་ཁང་གི་འགན་འཁུར་བ་རིན་ཆེན་གྱིས་སྐབས་དེའི་གནས་ཚུལ་ལ་ཕྱིར་དྲན་བྱས་ནས་བཤད།
མཉམ་ལས་ཁང་གི་ལོ་རེའི་དཔལ་འབྱོར་ཕན་འབྲས་ཇེ་ཆེར་འགྲོ་བ་མཐོང་སྐབས་མ་རྐང་ལ་ཞུགས་མེད་པའི་གྲོང་མི་ཚོའི་བསམ་བློར་འགྱུར་ལྡོག་བྱུང་སྟེ། 2021ལོར་གུང་རྒྱུད་གྲོང་ཚོས་མཉམ་ལས་ཁང་གི་མ་རྐང་ལ་ཞུགས་མཁན་དུད་ཚང་མང་དུ་གཏོང་བའི་ཚོགས་འདུ་སླར་ཡང་འཚོགས་ཤིང་། སྐབས་དེར་གྲོང་ཚོའི་གྲོང་མི་དུད་ཚང་100ལྷག་ཙམ་ཧུར་ཐག་ཞུགས་ཡོད་པ་རེད།
2023ལོར་གུང་རྒྱུད་གྲོང་ཚོའི་ཕྱུག་འགྱུར་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་གི་ཡོང་འབབ་བསྡོམས་སྒོར་ཁྲི་800ལྷག་ཙམ་བྱུང་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་མགྱོགས་མྱུར་སྐྱོད་བཞིན་ཡོད་པ་རེད།