རྒུན་འབྲུམ་བཏབ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།
—— ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ཟངས་རི་རྫོང་མཐར་མ་གྲོང་ཚོར་རྒུན་འབྲུམ་འདེབས་རོགས་བྱས་པའི་སྐོར་བཀོད་པ།
ཉེ་ཆར། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་གཡོད་དབྱང་ཚོགས་ཆུང(གཤམ་དུ“གཡོད་དབྱང་ཚོགས་ཆུང”ཞེས་བསྡུ་རྒྱུ)གི་ཞིང་ལས་ཆེད་ལས་ལག་རྩལ་པ་ཟངས་རི་རྫོང་ཟངས་རི་གྲོང་རྡལ་མཐར་མ་གྲོང་ཚོའི་རྒུན་འབྲུམ་རྟེན་གཞིར་བསྐྱོད་དེ་འདེབས་འཛུགས་དུད་ཚང་གི་རྒུན་འབྲུམ་གཡོག་བྱེད་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད།
དྲོད་ཁང་ཆེན་པོར་གཡོད་དབྱང་ཚོགས་ཆུང་གི་ཞིང་ལས་རིགས་གཅིག་མཁས་ཅན་ཏིང་ཁྲེན་གྱིས་འདེབས་འཛུགས་དུད་ཚང་ལ་རྒུན་འབྲུམ་གྱི་སྡོང་པོར་སྐྱོར་རྒྱག་སྟངས་དང་། ཆུ་གཏོང་སྟངས། ལུད་རྒྱག་སྟངས་སོགས་སློབ་བཞིན་འདུག དྲོད་ཚད་རིམ་བཞིན་ཆེ་རུ་སོང་བར་བརྟེན། འདེབས་འཛུགས་དུད་ཚང་གིས་ཕྱེ་དཀར་ནད་ཀྱིས་རྒུན་འབྲུམ་གྱི་ཐོན་འབབ་དང་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པར་སེམས་ཁྲལ་བྱེད་སྐབས། ཏིང་ཁྲེན་གྱིས“རྒུན་འབྲུམ་་འདེབས་དུས་ནས། ཕྱེ་དཀར་ནད་འགོག་བཅོས་ལ་དོ་སྣང་བྱེད་དགོས། དཔེར་ན། བཞའ་ཚན་ཚོད་འཛིན་དང་། དུས་ཐོག་ཏུ་ཡལ་བཅོས་རྒྱག་པ། རླུང་འགྲོ་ཡག་པོ་དགོས་པ། རྡོ་མུ་ཟིའི་འདྲེས་སྦྱོར་སྨན་ཆུ་གཏོར་བ་སོགས་ཀྱི་བྱེད་ཐབས་བསླབས་པ་རེད།
ཟངས་རི་རྫོང་གི་ས་བབ་མཐོ་ཚད་སྨི་3500ལྷག་ཙམ་ཟིན་པ་དང་རྒུན་འབྲུམ་ཐོན་ལས་ནི་རྫོང་དེའི་གཙོ་ཁྲིད་ཐོན་ལས་ཀྱི་གྲས་ཤིག་རེད། མིག་སྔར་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་ལྷག་ཙམ་ཡོད་པ་དང་འབྲས་བུ་འདོགས་པའི་རྒྱ་ཁྱོན་མུའུ་5000ཟིན་ནས་ལོ་རེའི་རྒུན་འབྲུམ་ཐོན་འབབ་ཏུན་1750ཟིན་གྱི་ཡོད།
2022ལོ་ཚུན་དུ། གཡོད་དབྱང་ཚོགས་ཆུང་གིས་ཐོན་ལས་བོད་སྐྱོར་དེ་ཁ་གཏད་རོགས་སྐྱོར་ལས་དོན་གྱི“གནད་འགག”དང་ཐུན་མོང་ཕྱུག་འགྱུར་གྱི་ཚད་བརྒལ་དུ་མཐའ་འཁྱོངས་ཀྱིས་ཟངས་རི་རྫོང་གི་རྒུན་འབྲུམ་ཐོན་ལས་ཐད“མ་འདེབས་གོང་དང་། འདེབས་རིང་། བཏབ་རྗེས”བཅས་ཀྱི་ཐོན་ལས་ཧྲིལ་པོའི་འཁོར་འབྲེལ་རྣམ་པའི་རོགས་སྐྱོར་ལས་དོན་སྤེལ་ཡོད། གཡོད་དབྱང་གྲོང་ཁྱེར་གྱི་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་ལས་གྲུབ་པའི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་སྒྲིག་འཛུགས་ཧུར་ཐག་བྱས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ཏེ《ཟངས་རི་རྫོང་གི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྟག་ཞིབ་སྙན་ཞུ》བཟོས་པ་མ་ཟད།“ཡུལ་བབ་དང་བསྟུན་པ་དང་། གཙོ་གནད་འབུར་ཐོན། གཅིག་གྱུར་འཆར་འགོད། གཅིག་སྡུད་ཡུག་འབྲེལ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་བཏོན་པ་དང་། རྒུན་འབྲུམ་གྱི་ཐོན་ལས་འགྲེམས་སྟོན་ལྟེ་གནས་དང་། ཡར་ཀྲུང་གཙང་པོའི་རྒུན་འབྲུམ་འདེབས་འཛུགས་ཁུལ། རྒུན་འབྲུམ་ཟོག་འགྲེམས་ཁུལ། རྒུན་འབྲུམ་ཨ་རག་ཁུལ་བཅས་ཀྱི་བར་མཐོངས་བཀོད་སྒྲིག་གཏན་འཁེལ་བྱས་ཡོད། བོད་སྐྱོར་ཆེད་སྤྱོད་མ་དངུལ་མུ་མཐུད་བཏང་ནས་རྒུན་འབྲུམ་རྟེན་གཞིའི་ཐོན་ལས་འཁོར་འབྲེལ་ཏེ། ཟངས་རི་རྫོང་ཕག་གྲུའི་རིག་གནས་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་དང་ཟངས་རི་རྫོང་ཕག་གྲུའི་རྒུན་འབྲུམ་གྲོང་རྡལ་ཆུང་ངུ་སྒྲིག་བཀོད་འཛུགས་སྐྲུན་གྱི་དུས་ཐེངས་དང་པོ་དང་གཉིས་པའི་རྣམ་གྲངས་ལག་བསྟར་བྱས་ཏེ་ཞིང་ལས་སྐྱེ་ཁམས་དང་གྲོང་གསེབ་ཀྱི་དམངས་སྲོལ་གྱི་བརྗོད་དོན་གཙོ་བོའི་ཁྱད་ལྡན་རྒུན་འབྲུམ་ཐོན་ལས་ཀྱི་ཨར་ཁང་ཁྱུ་ཚོགས་དང་ཡུལ་སྐོར་སྤྲོ་གསེང་གླིང་ནུས་ཤུགས་ཡོད་རྒུས་བསྐྲུན་པ་རེད།
རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་དང་ཆབས་ཅིག གཡོད་དབྱང་ཚོགས་ཆུང་གིས་ད་དུང་ལྗོངས་ཕྱིའི་ཁྲོམ་ར་མུ་མཐུད་གསར་འབྱེད་བྱས་ནས་ཐོན་རྫས་ཕྱིར་གཏོང་བྱས་པ་རེད། 2023ལོར་ཕག་གྲུའི་ཨ་རག་གྲོང་ཚོས་ཧུའུ་ནན་ཀྲུང་ཁྲེ་དང་གཡོད་དབྱང་གྲོང་ཁྱེར་མཁོ་འཚོང་མཉམ་ལས་ཁང་སོགས་ཚན་པ་དང་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་ཅིང་། རིམ་རྩིས་བརྒྱབ་ན། ཟངས་རིའི་རྒུན་འབྲུམ་ཨ་རག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་230ཟིན་ནས་ཟངས་རིའི་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་ཡོད།
ད་ཆ་ཟངས་རི་རྫོང་དུ་རྒུན་འབྲུམ་འདེབས་འཛུགས་དང་། རྒུན་འབྲུམ་འཐུ་བ། རྒུན་འབྲུམ་ཨ་རག་ལས་སྣོན་ཐོན་སྐྱེད། ཡུལ་སྐོར་སྤྲོ་གསེང་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཞིང་ལས་སྐྱེ་ཁམས་ཐོན་ལས་འཁོར་འབྲེལ་གྲུབ་ནས་གྲོང་གསེབ་དར་རྒྱས་ལམ་བུར་རྒུན་འབྲུམ་གྱི་ཐོན་ལས་རྩེར་སོན་ཅན་གྱི་སྣེ་ཁྲིད་དང་། གཞི་ཁྱོན་ཅན་གྱི་འདེབས་འཛུགས། ཚད་ལྡན་ཅན་གྱི་ཐོན་སྐྱེད། སྤུས་རྟགས་ཅན་གྱི་གཉེར་སྐྱོང་བཅས་ཀྱི་ཕྱོགས་སུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།