དབུ་ཤོག>ཞིང་འབྲོག་གསར་པ།
  • སློབ་གྲྭ་དང་ས་གནས་མཉམ་ལས་ཀྱིས་གཉིས་ཕན་འཕེལ་རྒྱས་ཡོང་བར་འབད་འཐབ་བྱས་པ།

    རྫ་ཡུལ་རྫོང་གིས་མཐོ་སློབ་ཀྱི་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-05

    རྫ་ཡུལ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་ཚན་ཞིབ་མཉམ་ལས་སྤེལ་རེས་དམ་འཛིན་བྱ་གཞི་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་ཀྱིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། རྫ་ཡུལ་རྫོང་གི་སློབ་གསོ་དང་། ཤེས་ལྡན་པ། ཐོན་ལས། ཏང་འཛུགས་སྐྱོང་སོགས་ཁྱབ་ཁོངས་མང་པོར་དམིགས་ནས། མ་ལག་འཛུགས་པ་དང་། འཆར་འགོད་གཏན་འཁེལ། རྣམ་གྲངས་ལ་དམ་འཛིན། དོན་འཁྱོལ་ལ་འགན་ལེན་བཅས་བྱས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་སློབ་གྲྭ་དང་ས་གནས་མཉམ་ལས་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད།

    རྫ་ཡུལ་རྫོང་ནི་ཧི་མ་ལ་ཡའི་རི་རྒྱུད་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་བར་བརྒལ་ཁུལ་གྱི་ལུང་ཁུག་ཏུ་ཆཌ་པ་དང་། “རི་གཅིག་ལ་དུས་ཚིགས་བཞི་དང་། བར་ཐག་ཕྲན་ཙམ་ལ་གནམ་གཤིས་མི་འདྲ་བའི”ས་ཁམས་ཡུལ་ལྗོངས་གྲུབ་པ་རེད། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་ཉི་འོད་འཕྲོ་ཤུགས་ཆེ་བས། སྤུས་ལེགས་ཤིང་ཏོག་དང་། སྔོ་ཚལ། ཇ་ལོ། ནགས་ཁྲོད་ཤ་མོའི་རིགས་སོགས་སྐྱེ་འཚར་ལ་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་མཐུན་རྐྱེན་དང་ས་ཁམས་ཁོར་ཡུག་གི་ལེགས་ཆ་ལྡན་ཞིང་། བཟོ་ལྟ་ལེགས་ལ་བྲོ་བ་ཞིམ་པའི་རྫ་ཡུལ་གྱི་སྤྲེལ་ཁམ་དང་། ཚ་ལུ་མ། སེ་འབྲུ། ཤ་མོ་ཕོ་སུལ་སོགས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་པ་རེད། ཡིན་ཡང་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ལག་རྩལ་གྱི་ཞན་ཆ་ཡང་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་པ་རེད།

    ལོ་མང་རིང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་རིག་ཚན་ཆེད་ལས་ཀྱི་ལེགས་ཆར་བརྟེན་ནས་རྫ་ཡུལ་རྫོང་དུ་རིགས་གཅིག་མཁས་ཅན་ཚོགས་པ་མངགས་ཏེ། བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིང་ལས་ལག་རྩལ་གསོ་སྦྱོང་དང་། ཐོན་ལས་བཀོད་སྒྲིག་འཆར་འགོད་བྱེད་རོགས། ཐོན་སྐྱེད་ཁྲོད་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་པར་མཛུབ་ཁྲིད་བཅས་བྱས་ཏེ་ས་གནས་དེ་གའི་ཚ་ལུ་མའི་ཐོན་ལས་དང་། སྤྲེལ་ཁམ་ཐོན་ལས། ཐུ་ནི་སིའི་སེ་འབྲུའི་ཐོན་ལས་བཅས་ལ་འདེབས་འཛུགས་དང་། ཐོན་སྐྱེད། དོ་དམ་སོགས་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཤིང་། ཞིང་ནང་དུ་གསོ་སྦྱོང་བྱས་ནས་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    ལོ་བཅུའི་རིང་གི་རོཌ་སྐྱོར་ལས་སློབ་གྲྭ་དང་ས་གནས་ཀྱི་མཛའ་གཅུགས་ལྷག་པར་ཟབ་ལ་མཉམ་ལས་ཀྱི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ། བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་འདྲི་རྩད་བརྟག་ཞིབ་གཏིང་ཟབ་མཐའ་འཁྱོངས་ཀྱིས་གྲུབ་འབྲས་དངོས་ལ་དམིགས་པ་དང་ཐུན་མོང་ཐོག་གྲོས་མོལ་བྱས་ཏེ་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་པ་རེད། གྲོང་ཚོའི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། མཐའ་སྟོབས་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ། རང་སྐྱོང་ཕན་ནུས་ཆེ་རུ་གཏོང་བ། སློབ་གྲྭ་དང་ས་གནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྫ་ཡུལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད།

    མིག་སྔའི་བར། བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་རིམ་རྩིས་བྱས་ན་མི་ཐེངས་200ལྷག་ཙམ་རྫ་ཡུལ་རྫོང་དུ་གྲོང་སྡོད་ལས་དོན་སྤེལ་བར་མངགས་ཏེ་ཐབས་འདོན་ཇུས་འབུལ་དང་། རྣམ་གྲངས་བརྩོན་ལེན། ཟམ་པ་དང་ལམ་བཟོ་བ། དངུལ་དང་དངོས་རྫས་ཞལ་འདེབས་རྒྱག་པ་བཅས་བྱས་པ་མ་ཟད། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་དེ་གའི་ཆེད་ལས་ལག་རྩལ་མི་སྣ་དང་། ཚན་རྩལ་ཆེད་མངགས་པ། ཞིང་འབྲོག་པ་བཅས་ཀྱི་ཐོན་སྐྱེད་ལག་རྩལ་མཐོར་འདེགས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱས་པ་རེད། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་གྲོང་སྡོད་མི་སྣས་སློབ་གྲྭ་དང་ས་གནས་དབར་གྱི“འབྲེལ་གཏུག་པའི”འགན་ཁུར་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་ནས་སྦྱོང་བརྡར་སྤྲོས་པའི་མཉམ་འགུལ་ཡག་པོ་ཡོང་བར་སྐུལ་འདེད་བཏང་བ་དང་། ཐོན་སློབ་ཞིབ་སྤྱོད་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཚོད་ལྟ་ཁང་གི་ཚན་ཞིབ་གྲུབ་འབྲས་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་ལེགས་པར་སྤྱད་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། གསར་གཏོད་ཀྱི་གྲུབ་འབྲས་ལས་རྒྱ་ཆེའི་ཞིང་འབྲོག་པར་ཕན་པ་དེ་བས་ཡག་པ་ཐོབ་ཐབས་བྱས་པ་རེད།

    རྫ་ཡུལ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བོད་ལྗོངས་ཞིང་འབྲོག་སློབ་གླིང་དང་འབྲེལ་མཐུད་མཉམ་ལས་བྱེད་པར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཐོན་སྐྱེད་དང་། སློབ་གསོ། ཞིབ་འཇུག་བཅས་མཉམ་འདྲེས་སྔར་བས་མགྱོགས་མྱུར་དང་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཕྱོགས་གསུམ་གཞི་གཅིག་གི་འཁོར་རྒྱུག་བཟང་པོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སློབ་གྲྭ་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཕན་ཚུན་འདྲི་རྩད་དང་སྤེལ་རེས་ཐེངས་མང་བྱས་ཏེ་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལམ་སྲོལ་གསར་པ་འཛུགས་རྒྱུར་ཤུགས་བརྒྱབ་ཡོད། བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ནས་ཚན་རིག་ཞིབ་འཇུག་བྱས་ཏེ། ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལས་དོན་གྱི་སྤྱི་ཡོངས་དང་མཉམ་འདྲེས་ཧུར་ཐག་བྱས་ཤིང་། 2023ལོར་སློབ་གྲྭ་དང་ས་གནས་གཉིས་པོས《བོད་ལྗོངས་རྫ་ཡུལ་རྫོང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་སློབ་གྲྭ་དང་ས་གནས་མཉམ་སྐྲུན་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད། རྫ་ཡུལ་དུ“བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་སློབ་གྲྭ་བརྒྱ་དང་རྫོང་བརྒྱ་ཡིས་མཉམ་འབྲེལ་ཐོག་གྲོང་ཚོ་སྟོང་དར་རྒྱས་གཏོང་བའི་ལས་དོན་ས་ཚིགས”དང་། “བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་རིགས་གཅིག་མཁས་ཅན་ལས་དོན་ས་ཚིགས” “བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་ཚན་ཞིབ་དངོས་སྦྱོང་རྟེན་གཞི” “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་ཆེན་སློབ་མའི་ལག་ལེན་རྟེན་གཞི”སོགས་བསྐྲུན་ཡོད། དེ་དང་ཆབས་ཅིག་བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་རྫ་ཡུལ་རྫོང་དེ་སློབ་གླིང་གི“སློབ་གྲྭ་བརྒྱ་དང་རྫོང་བརྒྱ་ཡིས་མཉམ་འབྲེལ་ཐོག་གྲོང་ཚོ་སྟོང་དར་རྒྱས་གཏོང་བའི”ལས་དོན་འཆར་གཞིའི་ནང་བཅུག་ནས་སློབ་གསོའི་ཐོན་ཁུངས་དང་ས་གནས་ཐོན་ཁུངས་ཀྱི་ལེགས་ཆ་གསབ་རེས་ལ་སྐུལ་འདེད་བཏང་སྟེ། སློབ་གྲྭ་དང་ས་གནས་དབར་གྱི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།