དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཐོན་ལས་གསེར་གྱི་ལྡེ་མིག་གིས། འབབ་འཕར་ཕྱུག་འགྱུར་སྒོ་མོ་ཕྱེ།

    —— རང་ལྗོངས་ཀྱི་བོད་ཕག་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-31

    ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་འཕེལ་རྒྱས་དང་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་སྦྲགས། མི་རྣམས་ཀྱི་འཛད་སྤྱོད་ཀྱི་འདུ་ཤེས་དང་འཛད་སྤྱོད་ཀྱི་སྤུས་ཚད་ལ་འགྱུར་ལྡོག་དང་ཡར་རྒྱས་ཆེན་པོའང་བྱུང་ཡོད། “ཤ་གང་འདོད་བཟའ་ཆོག་པའི”དེང་གི་དུས་འདིར། བྲོ་བ་སྔར་བས་ཞིམ་ལ་འཚོ་བཅུད་དེ་བས་ཡག་པའི་བོད་ཕག་གི་ཤ་ལ་མི་ཚང་མས་དགའ་པོ་བྱེད་ཀྱི་ཡོད།

    བོད་ཕག་གསོས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

    བོད་ཕག་ནི་མཚོ་བོད་ས་མཐོར་མ་གཏོགས་མེད་པའི་ཡུལ་ཕག་གི་རིགས་ཤིག་རེད། གཙོ་བོ་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ་སོགས་སུ་གསོ་སྤེལ་བྱེད་པའི་ཕག་པའི་རིགས་ཤིག་རེད། བོད་ཕག་གིས་ས་མཐོའི་རི་སྐྱེས་རྩི་ཤིང་གི་རྩ་བ་དང་། སྡོང་པོ། ལོ་མ། འབྲས་བུ་བཅས་བཟའ་ཞིང་། དེའི་གཟུགས་བོང་ཆུང་ཞིང་པགས་པ་སྲབ་པ་དང་། ཞག་ཚིལ་ཉུང་བ། ཤ་སྣག་མང་བ། སྤྲི་དཀར་འདུས་ཚད་ཆེ་བ། ཤ་མཉེན་པ། བྲོ་བ་ཞིམ་པ་སོགས་ཀྱི་ཁྱད་ཆོས་ལྡན་སྟབས་མི་ཚང་མས་དགའ་པོ་བྱེད་པའི་ས་མཐོའི་ཁྱད་ལྡན་བཟའ་བཅའ་ཞིག་ཡིན་པས“ས་མཐོའི་གཅེས་ནོར”ཞེས་ཀྱང་གྲགས། དེར་བརྟེན་བོད་ཕག་དེ་སྤྱིར་བཏང་གི་སྡོམ་གསོས་ཕག་པ་ལས་རིན་གོང་མཐོ་ཡང་འཛད་སྤྱོད་པས་སྔར་བཞིན་དགའ་པོ་བྱེད་ཀྱི་ཡོད།

    ཁྲོམ་རའི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག བོད་ཕག་རྒྱུད་སྤེལ་དང་གསོ་སྤེལ་ཁྱབ་གདལ་གཏོང་རྒྱུ་དེ་བོད་ཀྱི་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཞིང་། མིག་སྔར། རང་ལྗོངས་སུ་ཆེད་མངགས་བོད་ཕག་གསོ་སྤེལ་བྱེད་མཁན་ཁེ་ལས་ཆེ་གྲས་23དང་། ལོར་བོད་ཕག་ཁྲི་ཡན་བཤས་གཏོང་མཁན་ཁེ་ལས་2 བོད་ཕག་ཐོན་རྫས་ལས་སྣོན་བྱེད་མཁན་ཁེ་ལས་7བཅས་ཡོད་པས། གསོ་སྤེལ་མཉམ་ལས་ཁང་དང་དེ་བཞིན་གྲོང་ཚོའི་མཉམ་སྡེབ་གསོ་སྤེལ་བྱེད་མཁན་ཕལ་མོ་ཆེ་ཉིང་ཁྲི་གྲོང་ཁྱེར་དུ་ཡོད་པ་དང་ད་ཆ་ཁེ་ལས་94ཡོད།

    ཀོང་པོ་རྒྱ་མདའ་རྫོང་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་བོད་ཕག་སྲུང་སྐྱོང་ཁུལ་གཅིག་པུ་དེ་ཡིན་ལ། བོད་ཕག་ཆེས་གཅིག་སྡུད་ཀྱི་གསོ་སྤེལ་ཁུལ་ཞིག་ཀྱང་ཡིན་པས།“ཀྲུང་གོའི་བོད་ཕག་གི་འབྱུང་ཁུངས”ཞེས་འབོད་ཀྱི་ཡོད། སྲུང་སྐྱོང་ཁུལ་དུ་ས་ཁུལ་ཕྱིའི་ཕག་པ་ནང་འདྲེན་དང་གསོ་ཚགས་བྱེད་ཆོག་གི་མེད། ཀོང་པོ་རྒྱ་མདའ་རྫོང་བྱེ་པ་གྲོང་ཚོས་ད་དུང་བོད་ཕག་རིགས་ཁྱུ་གཙོ་བོའི་རྒྱུད་པ་སྲུང་སྐྱོང་བྱ་ཡུལ་བཙུགས་ནས་རྒྱལ་ཁབ་རིམ་པའི་ཐོབ་ཐང་ལོངས་སུ་སྤྱོད་པ་ལས་བོད་ཕག་གི་རིན་ཐང་སྤྱིར་བཏང་མིན་པ་མཐོང་ཐུབ།

    བོད་ཕག་ཐོན་ལས་ལ་བརྟེན་ནས་ཡོང་སྒོའི་ཐབས་ལམ་ཡངས་སུ་བཏང་བ།

    ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་གདོད་མའི་བོད་ཕག་རྒྱུད་པ་སྲུང་སྐྱོང་རྟེན་གཞིར་བོད་ཕག་ཁྱུ་གཅིག་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་འདུག 2018ལོར་རྟེན་གཞི་དེ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་དངོས་ཚན་ཁེ་ལས་ཤིག་ཡིན་པ་དེས“རྟེན་གཞི་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་ཐོན་སྐྱེད་དང་། མཁོ་སྤྲོད། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་སྙེའུ་ཤང་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    ལྷ་རི་རྫོང་ཞིང་འབྲོག་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་བཀྲ་ཤིས་ཚེ་དབང་གིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། སྙེའུ་ཤང་ཏང་ཨུད་དང་སྲིད་གཞུང་གིས་བོད་ཕག་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས་བོད་ཕག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དེང་རབས་ཀྱི་བོད་ཕག་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་བ་དང་། དམངས་ཕྱུག་གི་ཁྱད་ལྡན་ཐོན་ལས་བཏོད་དེ་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་བྱ་ཐབས་ནུས་ཤུགས་ཡོད་རྒུས་བཏོན་ནས་ཁྱད་ལྡན་ཐོན་ལས་ཚད་ལྡན་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། བོད་ཕག་གི་རྒྱུད་པ་སྲུང་སྐྱོང་དང་གསོ་སྤེལ་བྱ་རྒྱུ་གཙོ་བོ་དང་། ཐོན་རྫས་ཕྱིར་ཚོང་རམ་འདེགས་སུ་བྱེད་པའི་གཉེར་སྐྱོང་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད། 2020ལོར་ལྷ་རིའི་བོད་ཕག་ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་མཚན་སྙན་ཐོབ་ཡོད།

    རྒྱུད་པ་ལེགས་སྤེལ་བྱས་ནས་རྩེར་སོན་སྤུས་རྟགས་བཏོད་པ།

    ད་ཆ་ཁེ་ལས་ཁག་གཅིག་གིས་བོད་ཕག་གི་ཤ་ལས་སྣོན་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་ཞོར་ཟས་བཟོ་གི་ཡོད་པ་དང་། ཁེ་ལས་ལ་ལས་ཕག་སུག་གིས་ཕག་ཉྭ་བསྙལ་མ་སྤུས་ལེགས་བཟོས་པར་ཕག་ཤ་སྡེབ་གཅིག་ལ་སྒོར་སྟོང་ཕྲག་ཁ་ཤས་རག་གི་ཡོད། ད་དུང་ཁེ་ལས་ལ་ལས་བོད་ཕག་གི་སྨན་སྤྱོད་རིན་ཐང་སྔོག་འདོན་བྱས་ནས་བོད་ཕག་རིག་གཞུང་ཚན་ཞིབ་ཐད་སྤྱོད་ཀྱི་ཡོད། བོད་ཕག་ཐོན་རྫས་ཁག་གཅིག་གིས་རྩེར་སོན་ཁྲོམ་ར་སྔར་བས་བཏོད་དེ་ཧྲང་ཧའེ་དང་ཁྲེང་ཏུའུ་སོགས་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་ཧོ་མ་ཤན་ཧྲེང་བརྒྱུད་ནས་འཚོང་གི་ཡོད།

    བོད་ལྗོངས་ཞིང་འབྲོག་སློབ་གླིང་ཚན་ཞིབ་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་དོན། ཉེ་བའི་ལོ་ཤས་རིང་། བོད་ཕག་གི་རྒྱུད་སྤེལ་ཐོན་ཁུངས་ལ་སྲུང་སྐྱོང་སྔར་བས་ཡག་པོ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཚན་རྩལ་རྣམ་གྲངས་མང་པོ་ལག་ལེན་བསྟར་ཏེ་བོད་ཕག་གི་རྒྱུད་པ་སྲུང་སྐྱོང་གི་ལས་དོན་སྤེལ་ཡོད། མིག་སྔའི་བར། བོད་ཕག་གི་རྒྱུད་པ་སྲུང་སྐྱོང་གི་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ས་ཆ་མང་པོར་བོད་ཕག་གི་རྒྱུད་པ་གསོན་པོ་ཉར་ཚགས་དང་རྒྱུད་པ་སྲུང་སྐྱོང་གི་རྟེན་གཞི་བསྐྲུན་པར་ད་ཆ་བོད་ཕག་རྒྱུད་དག་1000ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།