དབུ་ཤོག>ཞིང་འབྲོག་གསར་པ།
  • ལས་དོན་ཏན་ཏིག་བསྒྲུབས་ནས་གྲོང་གསེབ་དར་རྒྱས་གཏོང་། གྲོང་ཚོར་བཅའ་སྡོད་བྱས་ཏེ་དམངས་ལ་རོགས་རམ་བྱེད།

    སྐྱིད་གསུམ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་རུ་ཁག་གིས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-30

    ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་དམིགས་ཚད་ལ་དམིགས་ཏེ། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་བཏོན་ཡོད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཉི་མ་རྫོང་རྒྱ་སྒོག་ཤང་སྐྱིད་གསུམ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་རུ་ཁག་གིས་གྲོང་སྡོད་ལས་དོན་གྱི་བླང་བྱ་དང་ས་གནས་དེ་གའི་དོན་དངོས་གནས་ཚུལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཞུང་འཁྱོངས་གསར་འབྱེད་ཀྱིས་ལས་དོན་ཁག་ཡག་པོ་བསྒྲུབས་ནས་སྐྱིད་གསུམ་གྲོང་ཚོ་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུར་རམ་འདེགས་བྱས་ཡོད།

    ལྟེ་བར་དམིགས་ཏེ་མཛེས་སྡུག་ལྡན་པའི་སྐྱིད་གསུམ་འཛུགས་སྐྲུན་བྱེད་པ།

    སྐྱིད་གསུམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “གཙོ་གནད་ལས་འགན་ཁག་ལྔར”དམིགས་པ་བཅས་བྱས་ཏེ་གྲོང་སྡོད་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་གསེབ་དར་རྒྱས་གཏོང་རིང་སྐྱིད་གསུམ་གྲོང་ཚོ་ལམ་མི་འཁྱོག་པ་དང་། གནས་མི་འགྱུར་བ། རང་མདངས་མཐོ་བ། ཉམས་འགྱུར་དོད་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད།

    གྲོང་སྡོད་བྱེད་རིང་ལས་དོན་རུ་མིས་རྟག་ཏུ་མང་ཚོགས་ཀྱི་ཁྱིམ་དང་ཞིང་ནང་མུ་ཁར་བསྐྱོད་དེ་ཚོགས་སྤྱི་མི་འདྲ་བར་དམིགས་ནས་རིགས་དབྱེ་ཇུས་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་སྒྲོག་འགྲེལ་གཏིང་ཟབ་བྱེད་ཀྱི་ཡོད། གྲོང་སྡོད་ལས་དོན་རུ་མི་དང་གྲོང་ཚོའི“ཨུ་ལྷན་གཉིས”དབར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ལམ་སྲོལ་འཚོལ་ཞིབ་ཀྱིས་འཛུགས་པ་དང་ཆབས་ཅིག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་མིར་དུས་བཀག་ལྟར་སློབ་སྦྱོང་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་ཏང་ཡོན་མང་ཚོགས་ལ“བོད་ལྗོངས་ཤར་བགྲོད”ཀྱི་APPཡག་པོ་སྤྱོད་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད། གྲོང་མིའི་ཞབས་ཞུའི་འདུ་ཤེས་གསོ་སྐྱོང་བྱས་ནས་དྭངས་ར་གཡུ་མཚོའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ཏེ་གྲོང་མིར་ཡུལ་སྐོར་བར་སེམས་རྩ་འཁོལ་པོས་སྣེ་ལེན་ཞུ་བར་ཁྲིད་སྟོན་དང་རོགས་རམ་ཧུར་ཐག་བྱས་ཏེ་ས་གནས་དེ་གའི་ཡུལ་སྐོར་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་གི་ཡོད།

    གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་འགག་རྩ་ནི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། དེར་བརྟེན་སྐྱིད་གསུམ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་མཐོར་གཏོང་སོགས་ཀྱི་རྣམ་གྲངས་རང་འགུལ་ངང་བརྩོན་ལེན་བྱས་ནས་རྣམ་གྲངས་ལ་བརྟེན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་མིའི་ཡོང་འབབ་འཕར་རོགས་བྱས་པས་2023ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་བརྒྱ་ཡི་འགག་སྒོ་ཆེ་མོ་ལས་བརྒལ་ཡོད།

    མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་མིའི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་ཆེད། སྐྱིད་གསུམ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་ལས་དོན་དེ་རྒྱུན་གཏན་དང་སློབ་ཁང་དུ་ཁྱབ་པར་བྱས་ནས་རྒྱ་ཆེའི་གྲོང་མིར་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཁྲིད་སྟོན་དང་། གྲོང་མི་སྒྲིག་འཛུགས་བྱས་ཏེ་གཟའ་འཁོར་རེའི་གཟའ་པ་སངས་ལ་གད་སྙིགས་སྒྲུག་པ་དང་གྲོང་ཚོའི་རྣམ་པ་བཅོས་སྐྱོང་བྱེད་པ། ནགས་སྲུང་བ་དང་མཚོ་སྐོར་བར་ནུས་པ་འདོན་རྒྱུར་སྐུལ་ལྕག་བྱས་ནས་དྭངས་ར་གཡུ་མཚོའི་སྐྱེ་ཁམས་དམར་ཐིག་མཉམ་དུ་ཡག་པོ་སྲུང་བ། གྲོང་སྡོད་བྱ་ཡུལ་གྱི་ས་ཆུ་དང་གནམ་གཤིས་སོགས་རང་བྱུང་ཆ་རྐྱེན་ལ་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ས་ཁོངས་ཀྱི་ལེགས་ཆ་དང་འདེབས་འཛུགས་ཀྱི་ཉམས་མྱོང་ཟུང་འབྲེལ་བྱས་ནས་ཡུན་ཧྲན་གསོམ་ཤིང་སོགས་སྡོང་ཕྲུག་ཉོས་ཏེ་འདེབས་པ་དང་ཆབས་ཅིག་དོ་དམ་བདག་སྐྱོང་གི་ལམ་ལུགས་ཀྱང་བཟོས་ནས་སྡོང་ཕྲུག་གསོན་ཚད་འགན་ལེན་བྱེད་པ། ལྗོངས་ཡོངས་ཀྱི་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་པའི་སྙན་སེང་ཧུར་ཐག་ཞུས་ནས“ཏང་འཛུགས་སྐྱོང་གི་དད་སེམས”ལ་བརྟེན་ནས“སྐྱེ་ཁམས་ལྗང་མདོག”ལ་སྐུལ་ཁྲིད་བྱེད་པའི་བྱེད་ཐབས་དང་ཕན་འབྲས་སྲ་བརྟན་དུ་གཏོང་གི་ཡོད།

    དམངས་འཚོར་ཞབས་འདེགས་ཞུས་ནས་ཤེས་དཔལ་དར་བའི་སྐྱིད་གསུམ་གཏོད་པ།

    གྲོང་གསེབ་དར་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་སྐྱིད་གསུམ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས“དམངས་འཚོར་ཕན་འདོགས་པའི”འགག་རྩ་དེར་དམ་འཛིན་ནན་པོ་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་གྲོང་མིའི་དངོས་པོ་དང་འཚོ་བའི་ཆུ་ཚད་མཐོ་རུ་བཏང་སྟེ་ཉིན་བཞིན་ཆེ་རུ་འགྲོ་བའི་ཚང་མའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཐབས་བྱེད་ཀྱི་ཡོད།

    འབྲུ་རིགས་ཀྱི་ཐོན་འབབ་མང་དུ་གཏོང་བ་དང་འབབ་འཕར་ལ་སྐུལ་འདེད་གཏོང་ཆེད། ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་གྲོང་ཚོའི་ནས་ཀྱི་སྣ་ཁར་ཚོད་སྐོར་བྱས་ཤིང་། གྲོང་ཚོ་ཡོངས་ལ་བོད་ནས་ཨང་17དང་། བོད་ནས་ཨང་690 ཧི་མ་ལ་ཡའི་མཐོ་གྲང་ནས་ཨང་23བཅས་ཚོད་འདེབས་བྱས་པ་མ་ཟད། དམངས་ལ་བྱ་བ་དངོས་སྒྲུབ་པའི་གྲོན་དངུལ་སྤྱད་དེ་ཞིང་རྨོའི་འཕྲུལ་ཆས་ཉོས་ནས་ཐོན་སྐྱེད་ལས་ཕྱོད་ཆེ་རུ་བཏང་ཡོད།

    གྲོང་མི་ཚོའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་སྲོལ་རྒྱུན་གྱི་དཔེ་དེབ་གཡར་ནས་ལྟ་བའི་རྣམ་པར་འགྱུར་ལྡོག་བཏང་སྟེ་ཡིག་རིས་མཉམ་འགོད་དང་གོ་སླ་ཤེས་སླའི་དཔེ་དེབ་གྲོང་ཚོ་ཨུ་ལྷན་གྱི་ཚོམས་ཆེན་དང་ཞིང་ཁྱིམ་དཔེ་དེབ་ཁང་གི་མངོན་གསལ་དོད་སར་བཞག་ནས་གྲོང་མི་མང་ཚོགས་ཀྱི་དཔེ་ཀློག་གི་སྤྲོ་སྣང་འཕེལ་བ་དང་། སློབ་མ་སྐུལ་སློང་བྱས་ནས་དུས་ཆེན་དང་གུང་གསེང་ལ་གྲོང་ཚོ་ཨུ་ལྷན་དུ“དཔེ་དེབ་འགྲེལ་བཤད་པ”བྱས་ནས་མང་ཚོགས་ཁག་གཅིག་གི་དཔེ་དེབ་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ། “རིག་དཔལ་དར་བའི་ཁྱིམ་ཚང”དང“རིག་དཔལ་དར་བའི་མི་སྒེར”དཔྱད་འདེམས་བྱས་ཏེ་མིག་དཔེའི་ནུས་པ་བཏོན་པ་བརྒྱུད་མི་ཚང་མས་དཔེ་དེབ་ཀློག་ཤེས་པ་དང་དཔེ་དེབ་ཀློག་རྒྱུར་དགའ་བའི་རྣམ་པ་ཟབ་མོ་བཏོད་ནས“རིག་དཔལ་དར་བའི་གྲོང་ཚོ་དང་གྲོང་ལྷན”བཏོད་ཡོད།

    མི་སེམས་གཅིག་ཏུ་བསྒྲིལ་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་སྐྱིད་གསུམ་འཛུགས་སྐྲུན་བྱེད་པ།

    གྲོང་སྡོད་བྱེད་རིང་ལས་དོན་རུ་ཁག་གིས་ཡུལ་བབ་དང་བསྟུན་ནས་སྐྱིད་གསུམ་གྲོང་ཚོ་འཕེལ་རྒྱས་གཏོང་རིང་གི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་མཉམ་དུ་བསྒྲིལ་ནས་སྐྱིད་གསུམ་གྲོང་ཚོའི་བྱ་གཞག་ཁག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད།

    ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་འབྲེལ་བྱས་ཏེ་སྐྱིད་གསུམ་གྲོང་ཚོའི་མཚན་ཚོགས་སྐབས་དང་པོ་གྲ་སྒྲིག་ཞིབ་ཚགས་བྱས་ནས་ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་མཉམ་དུ་རྟེན་འབྲེལ་ཞུས་ནས་གྲོང་སྡོད་བྱ་ཡུལ་གྱི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་བཏང་ཡོད།

    དེ་དང་ཆབས་ཅིག་གྲོང་སྡོད་ལས་དོན་རུ་ཁག་གིས་ཕྱོགས་མང་པོའི་ཐོན་ཁུངས་སྤྱད་དེ་སྐྱིད་གསུམ་གྲོང་ཚོའི་ཁྱད་ལྡན་བཀྲག་མདངས་འཚེར་ས་དྲིལ་བསྒྲགས་དང་འོས་སྦྱོར་ཧུར་ཐག་བྱས་ནས་ཡུལ་སྐོར་བ་སྤྲོ་གསེང་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་ཡོད།

    རྒྱུན་གཏན་གྱི་ལས་ཀའི་ཁྲོད་སྐྱིད་གསུམ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཐུགས་ཁུར་བྱ་རྒྱུ་དེ་ལས་ཀའི་གཙོ་གནད་ལ་བརྩིས་ནས་དུས་ངེས་མེད་ངང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་དངོས་ཟོག་སྐྱེལ་བ་དང་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ་དང་འབྲེལ་བ་བྱས་ཏེ་དཀའ་ངལ་ཡོད་པའི་སློབ་མར་ལོ་ལྟར་སྒོར་24000རོགས་སྐྱོར་བྱས་ནས་ལྷག་བསམ་རྣམ་དག་གིས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་སྐྱིད་གསུམ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།