རེ་བའི་སོན་བཟང་གཏོར། ལོ་ལེགས་འབྲས་བཟང་སྨིན།
རང་ལྗོངས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ།

འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་མ་དབྱེར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བུ་ཆུང་གི་ངོ་གདོང་ལས་ལོ་ལེགས་འབྲས་བཟང་བྱུང་བའི་འཛུམས་མདངས་འཕྱུར་བཞིན་པ།
ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་འབྲེལ་སྡེ་ཚན་ཁག་གིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་འབྲུ་རིགས་ཐོན་འབབ་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ཆོས་ཆེར་གཏོང་བཅས་ལ་རྒྱུན་མཐུད་དམ་འཛིན་དང་། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད། མཐའ་ཚད་སྲུང་བ་དང་། འཕེལ་རྒྱས་ལ་དམ་འཛིན། དར་རྒྱས་ལ་སྐུལ་གཏོང་བ། དབུལ་སྒྲོལ་དུད་ཚང་གི་ཡོང་འབབ་རྒྱུན་མཐུད་འཕར་བ། ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། ས་མཐོའི་ཞི་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་ལ་དམ་པོར་དམིགས་པས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཕན་འབྲས་གསར་པ་ཐོན་པ་དང་གྲོང་གསེབ་དར་རྒྱས་ལ་འཕེལ་རིམ་གསར་པ་བྱུང་བ་རེད།
ཞིང་འབྲོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བ།
2023ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19924ཟིན་ནས་སྒོར་ཁྲི་2ཀྱི་འགག་སྒོ་ཆེན་པོར་སླེབས་གྲབས་ཡོད་པ་དང་། འཕར་ཚད་9.4%ཟིན་ནས་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.7གྱིས་མཐོ་བ་ཡོད།
2023ལོར་རང་ལྗོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་འབྲས་བཟང་ཐོབ་ཅིང་། འབྲུ་རིགས་ཁྱོན་མུའུ་ཁྲི་291.88བཏབ་པའི་ནང་། ནས་མུའུ་ཁྲི་222.87བཏབ་པར་ཐོན་འབབ་ཏུན་ཁྲི་108.87ཟིན་ནས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་ཡོད། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་67.4རྒྱུན་མཐུད་སྐྲུན་པ་དང་ས་རྒོད་མུའུ་ཁྲི་2.39སྒྱུར་བཀོད་ལེགས་སྒྲུབ་བྱས་ཡོད། ནས་ཀྱི་སོན་བཟང་ཁྱབ་ཚད་93%ཟིན་པ་དང་ལོ་ཏོག་གཙོ་བོ(ནས)རྨོ་འདེབས་དང་བརྔ་བསྡུའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཚད་71%ཡན་ཟིན་ཡོད། དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་སྒོར་7000(ཚུད་པ)མན་བར་རྒྱ་ཆེར་བཏང་བ་དང་། དབུལ་ལོག་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པར་གཅིག་སྡུད་ཐོག་གྲལ་བཤེར་བྱས་ཏེ། སྡེ་ཚན་གྱི་ཉེན་ཟོན་སྔོན་བརྡའི་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། “དུད་ཚང་རེར་སྲིད་ཇུས་རེའི”རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐེ་ཇུས། སྔ་ཙམ་རོགས་སྐྱོར་བཅས་ཏན་ཏིག་བྱས་པ་རེད།
ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ།
2023ལོར་རྒྱལ་ཁབ་རིམ་པའི་ཞིང་འབྲོག་པའི་དཔེ་སྟོན་མཉམ་ལས་ཁང་40དང་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་12གསར་དུ་འཕར་བ་དང་། སྣེ་འདྲེན་ཁེ་ལས་ཀྱི་བཀྲག་མདངས་འཚེར་སའི་དཔེ་སྟོན་14བདམས་ནས་བཏོད་པ། ཞིང་འབྲོག་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་19ལ་གན་རྒྱ་བཞག་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་27.34ཟིན་པ། ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་དང་གྲགས་ཅན་ཁྱད་ལྡན་ཞིང་ལས་ཐོན་རྫས་གསར་པ་བསྡོམས་301ཟིན་པ། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་4ཐོག་མར་འཛུགས་གཏོད་བྱས་པ། ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཉིས་པ་སྟེ། “བོད་ཀྱི་ཁུ་ལུ”གྲུབ་འབྲས་ཐོན་པའི་ངང་ཡོངས་བསྒྲགས་བྱས་པ་རེད།
དེ་དང་དུས་མཚུངས། ཞིང་འབྲོག་ཚན་རྩལ་གསར་གཏོད་ལས་སྟེགས་ཧུར་ཐག་བཏོད་ནས་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ནས་དང་འབྲི་གཡག་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ལྟེ་བའི་རྒྱུད་ཁུངས་དང་། ནུས་ཆེའི་འདེབས་འཛུགས་དང་གསོ་ཚགས། ཞིང་འབྲོག་ཐོན་རྫས་ལས་སྣོན་སོགས་ལག་རྩལ་གཅིག་སྡུད་ཐོག་འགག་སྒྲོལ་བྱས་ཏེ་ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། ནས་སོན་འདེབས་ལས་ཀྱི་རྒྱལ་ཁབ་སོན་གསོ་མཉམ་འབྲེལ་འགག་སྒྲོལ་བྱེད་འགོ་ཚུགས་པ་དང་། ནས་དང་། འབྲི་གཡག གཟན་རྩྭ་བཅས་དེང་རབས་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་གསུམ་གྱི་ཚོད་ལྟ་བདེ་བླག་ངང་བྱེད་འགོ་ཚུགས་པ་རེད། ཞིང་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་དང་ཞིང་ལས་ཀྱི་བཙན་འཛུལ་སྐྱེ་དངོས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁག་ལེཌ་གྲུབ་བྱུང་བ་དང་། “ལྷོ་ཁ་གྲོང་ཁྱེར་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད”དང“ནག་ཆུ་གྲོང་ཁྱེར་ཉང་གཡག་རྒྱུད་བཟང་གསོ་ཚགས་ར་བ”སོགས་ཚན་པ་8རང་སྐྱོང་ལྗོངས་རིམ་པའི་སོན་བཟང་རྒྱུད་བཟང་ཐོན་ཁུངས་སྲུང་སྐྱོང་ཚན་པ་ཁག་གཉིས་པར་གཏན་འཁེལ་བྱས་པ་རེད།
གྲོང་གསེབ་འཛུགས་སྐྲུན་ལ་་སྐུལ་འདེད་བརྟན་པོ་བཏང་བ།
རང་ལྗོངས་ཀྱིས“ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཤིང་། ཞིང་ལས་གྲོང་གསེབ་དང་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་ཡག་པོ་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། 2023ལོར་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་ཚོ་220མཉམ་སྐྲུན་བྱས་ནས་དུད་ཚང་ཁྲི་7.7ཡི་མི་ཕྱུགས་ལོགས་དབྱེ་དང་དུད་ཚང་ཁྲི་3.99ཡི་གསང་སྤྱོད་སྒྱུར་བཀོད་བྱས་ཡོད།
དེ་དང་དུས་མཚུངས། གྲོང་གསེབ་ཀྱི་མཉམ་སྡེབ་མ་དངུལ་གྱི་རྒྱུ་ནོར་ཐོན་ཁུངས་དང་གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆའི་ནང་བཤུག་དོ་དམ་སྔར་བས་ཚད་ལྡན་དུ་བཏང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་། ས་ཞིང་མ་རྐང་མཉམ་ལས། གྲོང་གསེབ་ཀྱི་རྨོ་ཞིང(སྡོད་ཁང་རིགས)ཐོག་སྡོད་ཁང་བསྐྲུན་པར་ཆེད་དོན་བཅོས་སྒྲིག འགན་གཙང་ས་ཞིང་གི་ཁག་བགོས་ཞིབ་ཕྲ་ཅན་གྱི་གནད་དོན་ཐག་གཅོད་བཅས་ཀྱི་ཚོད་ལྟའི་ལས་དོན་ཁག་བཞིར་ཕན་འབྲས་ཐོག་མར་ཐོན་པ་རེད། གྲོང་ཚོའི་གཙང་སྦྲར་སྐུལ་འདེད་གཏིང་ཟབ་བཏང་བས་ཞིང་འབྲོག་ཁུལ་གྱི་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་ཐག་རིང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་གྱི་ཚོད་ལྟའི་ལས་དོན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ་རེད། རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཁག་གསུམ་པའི་ནང་གྲོང་རྡལ་1དང་གྲོང་ཚོ་10འཛུགས་གཏོད་བྱས་པ་དང་། རྒྱལ་ཡོངས་ཀྱི“ཤེས་དཔལ་ཡུལ་སྲོལ་འཛུགས་སྐྱོང”ཁག་བཞི་པའི་ནང་དཔེ་མཚོན་1བདམས་ཡོད་པ་རེད།