མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་སྤུན་གསུམ་གྲོང་ཚོའི་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ཁེ་སྤོགས་བླངས་པ།
ཁེ་སྤོགས་སྒོར་ཁྲི་559ཙམ་བགོས་པ་དང་མང་ཚོགས་408ལ་ཕན་པ་ཐོབ་པ།
ཉེ་ཆར་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་སྤུན་གསུམ་གྲོང་ཚོས་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་2023ལོ་འཁོར་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཨར་ལས་རྣམ་གྲངས་ཀྱི་ཡོང་འབབ་དང་ནོར་སྲིད་ཡོང་འབབ་ཀྱི་ཁེ་སྤོགས་བགོ་འགྲེམས་བརྒྱབ་པ་རེད།
ཁེ་སྤོགས་བགོ་འགྲེམས་རྒྱག་ཡུལ་དུ་གྲོང་མི་ཚོས་དགའ་སྤྲོ་རབ་ཏུ་འཁོལ་བཞིན་བང་སྒྲིག་པ་དང་། ཐོ་འགོད་པ། མིང་རྟགས་འགོད་པ། རིམ་པ་བཞིན་བགོ་འགྲེམས་དངུལ་ལེན་པ་སོགས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། “ད་ཐེངས་ཀྱི་ཁེ་སྤོགས་བགོ་འགྲེམས་ཁྲོད་ངའི་ཁྱིམ་ལ་ཁྱོན་སྒོར་ཁྲི་1ལྷག་ཙམ་རག་པས་འཚོ་བར་རེ་ལྟོས་ཆེ་རུ་ཕྱིན་སོང”ཞེས་ཁེ་སྤོགས་བགོ་འགྲེམས་རག་མ་ཐག་པའི་ཡུལ་མི་ཐུབ་བསྟན་གྱིས་དགའ་སྤྲོ་ཆེན་པོས་དེ་ལྟར་བཤད། ཡུལ་མི་ཚོས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་ནས། ཚང་མའི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་དང་འཚོ་བ་དེ་བས་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྤུན་གསུམ་གྲོང་ཚོས་ཁེ་སྤོགས་སྒོར་ཁྲི་559ཙམ་བགོ་འགྲེམས་བརྒྱབ་པའི་ནང་གཏེར་ཁུལ་གྱི་གསོར་འབིགས་ཡོང་འབབ་ཀྱི་ཁེ་སྤོགས་སྒོར་ཁྲི་380དང་། གྲོང་གསེབ་དར་རྒྱས་གཏོང་བའི་ཨར་ལས་རྣམ་གྲངས་ཀྱི་ཁེ་སྤོགས་ཡོང་འབབ་སྒོར་ཁྲི་112 ནོར་སྲིད་ཁེ་སྤོགས་ཡོང་འབབ་སྒོར་ཁྲི་66.71 དབུལ་སྒྲོལ་དུད་ཚང་གི་ཁེ་སྤོགས་ཡོང་འབབ་སྒོར་4377.8བཅས་ཚུད་པ་དང་། མང་ཚོགས་408ལ་ཕན་པ་ཐོབ་པ་རེད།
“ད་ཐེངས་ཀྱི་ཁེ་སྤོགས་བགོ་འགྲེམས་རྒྱག་པའི་ཚོགས་ཆེན་ཐོག་ཡུལ་མི་ཚོས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་ལས་བྱུང་བའི་ཁེ་ཕན་ལོངས་སྤྱོད་ཐུབ་ནས། གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ནང་ཞུགས་པའི་ཡུལ་མི་ཚོའི་ཧུར་སེམས་སྔར་བས་སྐུལ་སློང་ཐུབ་ལ། གྲོང་ཚོ་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཕྱུག་འགྱུར་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་སྣེ་ཁྲིད་མུ་མཐུད་མཐའ་འཁྱོངས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་དང་། གྲོང་ཚོ་མཛེས་ཤིང་ཡུལ་མི་ཕྱུག་པོར་འགྱུར་བར་བྱེད་ཀྱི་ཡིན”ཞེས་སྤུན་གསུམ་གྲོང་ཚོར་བཅའ་སྡོད་འཛུགས་སྐྲུན་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གི་ལས་དོན་རུ་ཁག་གི་རུ་དཔོན་ཧྲུའུ་ཅི་དང་པོ་ངག་དབང་སྐལ་བསྟན་གྱིས་ངོ་སྤྲོད་བྱས།