དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྡི་གདོང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནའེ་ཏེང་།

    ཡུལ་མི་ཕྱུག་འགྱུར་ལམ་དུ་སྐྱོད་པའི་སྣེ་ཁྲིད་མཁན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-06

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྡི་གདོང་གྲོང་ཚོའི་ཉ་རྫིང་འགྲམ་དུ་སྐྱོད་སྐབས་ཉ་ཡང་སེ་ཆུ་སྟེང་དུ་འཕགས་ནས་ཆུ་རིས་ཤིག་ཤིག་ཐོན། ཉ་རྫིང་ནང་གི་ཉ་འཕག་མཆོང་རྒྱག་པ་མཐོང་སྐབས་ནའེ་ཏེང་གིས་དགའ་སྤྲོའི་ངང་འདི་ལོར་ཉ་ཕྲུག་སྐྱེ་འཕེལ་ཡག་པོ་ཡོད་ལུགས་གསར་འགོད་པར་བརྗོད་བྱུང་།

    ནའེ་ཏེང་། སྐྱེས་པ། མོན་པ་རིགས། བོད་ལྗོངས་མེ་ཏོག་རྫོང་འབྲས་སྤུངས་ཤང་སྡི་གདོང་གྲོང་ཚོའི་ཡུལ་མི་ཞིག་ཡིན་པ་དང་། 2017ལོ་ནས་ད་བར་སྡི་གདོང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད། ཁོང་སྡི་གདོང་གྲོང་ཚོའི་ཞིང་པ་དཀྱུས་མ་ཞིག་ནས་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དྲུག་པའི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་བདམས་ཡོད། ནའེ་ཏེང་གི་གཏམ་རྒྱུད་ཀྱིས་སྡི་གདོང་གྲོང་ཚོའི་འཕོ་འགྱུར་གྱི་དཔང་པོ་བྱེད་བཞིན་ཡོད།

    དེ་སྔོན། སྡི་གདོང་གྲོང་ཚོའི་ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་དེ་ཙམ་མེད་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་ཞན་ལ། མང་ཚོགས་ཀྱི་འཚོ་བའང་ཕྱུག་པོ་དེ་ཙམ་མེད། ནའེ་ཏེང་གིས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་མེ་ཏོག་རྫོང་གི་ཉ་ལས་གསོ་སྤེལ་ལ་མདུན་ལམ་ཆེན་པོ་ལྡན་པ་མ་ཟད། རྫོང་ཡོངས་ཀྱི་གྲོང་ཚོ་ཁ་ཤས་ལ་མ་གཏོགས་ཉ་རྫིང་མེད་པའི་ཁར་གཞི་ཁྱོན་ཡང་དེ་ཙམ་ཆེན་པོ་མེད་པ་དང་། ཁྲོམ་རའི་ཉ་རིགས་ཐོན་རྫས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པའང་ཤེས་རྟོགས་བྱུང་ཡོད། སྡི་གདོང་གྲོང་ཚོར་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ་དྲོད་ཚད་ཀྱང་འཚམ་པོ་ཡོད་པ་མ་ཟད། ཉ་རིགས་གསོ་སྤེལ་གྱི་ཉམས་མྱོང་ཡང་ལྡན་པར་བརྟེན་ནའེ་ཏེང་གིས་ཉ་ལས་གསོ་སྤེལ་འཕེལ་རྒྱས་གཏོང་རྒྱུའི་ཐག་བཅད་དེ། སྡི་གདོང་གྲོང་ཚོའི་དོན་དངོས་དང་འཚམ་པའི་ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རིམ་བཞིན་སྟོབས་ཆེར་བཏང་ཡོད།

    ནའེ་ཏེང་གིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་གྱིས་མེ་ཏོག་རྫོང་དང་འབྲས་སྤུངས་ཤང་གི་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་གཏུག་ཐེངས་མང་བྱས་མཐར། ཁོང་གི་འབད་བརྩོན་འོག་རྫོང་དང་ཤང་རིམ་གཉིས་ཏང་ཨུད་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཉ་རྫིང་6བསྐྲུན་རྒྱུ་དང་རྗེས་མཐུད་ཀྱི་འབྲེལ་ཡོད་ལྷན་སྦྱར་མ་དངུལ་ཐག་གཅོད་བྱས་ཤིང་། 2022ལོའི་ཟླ་བདུན་པར་སྡི་གདོང་གྲོང་ཚོའི་ཉ་རྫིང་ནས་ཉ་ཕྲུག་ཁག་དང་པོ་གསོ་སྤེལ་ཐུབ་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་པའི་རེ་བ་མཐོང་ཡོད།

    “ད་ཆ་ཉ་རྫིང་ནས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་ཁྲི་20ལྷག་ཙམ་རག་གི་ཡོད་པས། ཡོང་འབབ་རྒྱུན་མི་ཆད་པར་མང་དུ་འགྲོ་བ་དང་སྦྲགས་ང་ཚོས་གཞི་ཁྱོན་ཆེ་རུ་བཏང་ནས་ཡོང་འབབ་དེ་བས་མང་བ་ཡོང་ཐབས་བྱ་རྩིས་ཡོད”ཅེས་ནའེ་ཏེང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    གཞུང་ལམ་ཤར་གཏོང་ཐུབ་རྗེས་མེ་ཏོག་འདི་ཉིད་ཡུལ་སྐོར་བ་བསྐྱོད་སའི་གནས་མཆོག་ཅིག་ཏུ་གྱུར་པ་དང་། ནའེ་ཏེང་གིས་ཀྱང་ཡུལ་སྐོར་ལས་བྱུང་བའི་ཚོང་གི་གོ་སྐབས་ཆེན་པོ་མཐོང་ཞིང་། དེར་བརྟེན་ནའེ་ཏེང་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་ཞིབ་འཇུག་ཐེངས་མང་བྱས་ནས་རྫོང་དང་ཤང་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་རྒྱུའི་བརྩོན་ལེན་བྱས་པའི་ཐོག་ཡུལ་མིས་མ་རྩ་མཉམ་དུ་བསྡུས་ནས་བཟའ་བཏུང་དང་ཞག་སྡོད་གཞི་གཅིག་ཏུ་འདུས་པའི་མགྲོན་ཁང་བརྒྱབ་པ་མ་ཟད། དུས་འགོར་བསྐྲུན་པའི་ཞིང་པའི་སྤྲོ་སྐྱིད་ཁང་དང་བཅས་པ་ཕྱིར་བོགས་མར་བཏང་བས་ལོ་ལྟར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཡོང་གི་ཡོད།

    དེ་དང་ཆབས་ཅིག་ནའེ་ཏེང་གིས་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་གསར་སྤེལ་གྱི་གོ་སྐབས་དམ་འཛིན་བྱས་ནས་ཨར་སྐྲུན་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་སྡི་གདོང་གྲོང་ཚོའི་ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་བས། ཡུལ་མི་རྣམས་སྒོ་རྩ་ནས་ལས་ཞུགས་ཐུབ་པ་བྱུང་ཞིང་། 2023ལོར་རྣམ་གྲངས་དེ་ཁོ་ན་ནས་གྲོང་ཚོ་ཡོངས་ལ་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་བྱུང་ཡོད།

    ཡུལ་མི་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་ཕུད། གྲོང་ཚོའི་བྱ་བ་ཆེ་ཆུང་གང་ཡིན་ཡང་། ནའེ་ཏེང་གིས་སེམས་ལ་བཞག་ནས་འཕྲལ་མར་ཐག་གཅོད་བྱེད་ཀྱི་ཡོད། “སྡི་གདོང་གྲོང་ཚོ་ནི་ཆུ་འགྲམ་གྱི་རི་ལུང་དུ་གནས་པ་དང་། དབྱར་ཁ་ཆར་པ་ཆེན་པོ་བབས་པས་ཇ་འདེབས་ར་བར་སྐྱོད་སའི་འགྲོ་ལམ་དུ་རི་ཉིལ་བའི་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཆེད། ནའེ་ཏེང་གིས་དུས་བཀག་ལྟར་གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་སོགས་ཀྱི་སྣེ་ཁྲིད་དེ་རི་ཉིལ་ཁུལ་དུ་བསྐྱོད་ནས་གྱང་སྐྱོར་བཟོས་ཏེ་རི་ཉིལ་ཁུལ་གྱི་འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ཡོད། ཆར་པ་ཆེན་པོ་བབས་པའི་རྐྱེན་གྱིས་ཡུལ་མི་འགའི་འཐུང་ཆུའི་མདོང་ལམ་ལ་སྐྱོན་ཤོར་སྐབས། ཁོང་གིས་དཀའ་ངལ་ལ་མ་འཛེམས་པར་རང་འགུལ་ངང་ཉམས་གསོ་བྱས་ནས་ཡུལ་མིའི་གཞི་རྩའི་འཚོ་བའི་འཐུང་ཆུ་འགན་ལེན་བྱས་ཡོད”ཅེས་སྡི་གདོང་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་ཧྥེང་ཀོང་ཡུང་གིས་གསར་འགོད་པར་བརྗོད་བྱུང་།

    ནའེ་ཏེང་གི་སྣེ་ཁྲིད་འོག་སྡི་གདོང་གྲོང་ཚོའི་གཞི་རིམ་ཏང་འཛུགས་སྐྱོང་དང་། གྲོང་གསེབ་བཅོས་སྐྱོང་། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། 2019ལོའི་ཟླ་དགུ་པར། སྡི་གདོང་གྲོང་ཚོ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མཉམ་སྡེབ”ལ་བདམས་པ་དང་། 2022ལོའི་ཟླ་བདུན་པར། “བོད་རང་ལྗོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས”ལ་བདམས་པ། 2023ལོའི་ཟླ་བཞི་པར“བོད་རང་སྐྱོང་ལྗོངས་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས”ལ་བདམས་ཡོད། 2023ལོར་སྡི་གདོང་གྲོང་ཚོའི་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི་1472.72ཟིན་པ་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.37ཟིན་པ་དེ་ལོ་གོང་མ་ལས་43%འཕར་ཡོད།

    ད་ཆ་སྡི་གདོང་གྲོང་ཚོ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རིམ་བཞིན་ཆེ་རུ་ཕྱིན་ཡོད། ནའེ་ཏེང་གིས་ཀྱང་མུ་མཐུད་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབད་འཐབ་ཧུར་ཐག་བྱས་ནས་ཕ་ཡུལ་དེ་བས་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པ་ཡོང་བར་གཞོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།