དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཆུ་མཁོ་འདོན་གྱི་གནད་དོན་ཐག་གཅོད་ཐུབ་ན་ཁྱད་ལྡན་ཐོན་ལས་དར་རྒྱས་ཡོང་ཐུབ།

    སྲང་ཐ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་དམངས་འཚོར་ཕན་པ་བཏགས་ནས་དམངས་ཀྱི་དཀའ་ངལ་བསལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་རྫ་ཡུལ་རྫོང་ཚབ་རོང་ཤང་སྲང་ཐ་གྲོང་ཚོར་བཅའ་སྡོད་ཀྱི་ལས་འགན་འཁུར་ཚུན། གྲོང་སྡོད་ལས་དོན་རུ་ཁག་གིས་ཧུར་སེམས་ཆེན་པོ་དང་སེམས་རྩ་འཁོལ་པོས་མང་ཚོགས་ཀྱིས་དོ་ཁུར་བྱེད་ས་དང་། སེམས་ཁྲལ་བྱེད་ས་བཅས་ཁག་གཅིག་ནུས་ཤུགས་ཡོད་རྒུས་བསལ་བས་ས་གནས་དེ་གའི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

    “དེ་གོང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་ཆེད། གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ས་གནས་དེ་ག་དང་ཟུང་འབྲེལ་གྱིས་གྲོང་གསེབ་ཀྱི་འཐུང་ཆུ་མཁོ་འདོན་གྱི་ལས་གྲྭ་འཛུགས་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ཤིང་། མ་དངུལ་སྒོར་ཁྲི་69བཏང་སྟེ་འཐུང་ཆུ་མཁོ་འདོན་གྱི་འགན་ལེན་ལས་གྲྭ་བསྐྲུན་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་30ཡི་མི་149ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པས་སྲང་ཐ་གྲོང་ཚོའི་གྲོང་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་སྲང་ཐ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་མཱ་ཁྲོན་ཆིའུ་ཡིས་བཤད།

    གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐད་སྲང་ཐ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་རུ་ཁག་ཚང་མས་སེམས་ནུས་ཡོད་རྒུ་བཏོན་ཡོད། གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཅིག་པ་དུད་ཚང་དུ་བསྐྱོད་ནས་རྟོག་ཞིབ་བྱེད་སྐབས་2022ལོའི་ལོ་སྨད་དུ་ཉེ་འགྲམ་གྱི་བྲག་རྡོ་ཟག་པའི་རྐྱེན་གྱིས་སྲང་ཐ་གྲོང་ཚོའི་གྲོང་མིའི་འཐུང་ཆུའི་ཆུ་དོང་འགག་པའམ་གཏོར་སྐྱོན་ཐེབས་ནས་ཆུ་མཁོ་འདོན་ལ་འགོག་རྐྱེན་བཟོས་ཡོད་པ་དང་། འཐུང་ཆུ་ཆད་པའི་གནད་དོན་ཐོན་རྗེས་སྲང་ཐ་གྲོང་ཚོའི་གྲོང་མི་སྤྱི་ལེ་4ལྷག་ཙམ་ཟིན་པའི་ཆུ་དོང་ཡོད་སར་བསྐྱོད་ནས་ཆུ་དོང་བཤང་དགོས་པས་ཉམས་བཟོའི་མ་གནས་ཆེན་པོ་དགོས་ཀྱི་ཡོད། ཆར་དུས་སུ་སླེབས་རིམ་བཞིན་ཉམས་བཟོའི་ཐེངས་གྲངས་དེ་བས་མང་དུ་འགྲོ་ཡི་ཡོད་པས་གྲོང་མི་ཚོས་ཆུ་དོང་གི་དུམ་བུ་དེར་ཐོག་པང་གཡོགས་ནས་འཐུང་ཆུ་མཁོ་འདོན་བྱེད་ཐབས་ལེགས་སུ་གཏོང་བ་དང་འཐུང་ཆུ་འགན་ལེན་ཡོང་ཚད་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་ཤེས་རྟོཌ་བྱུང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཏང་ཙུའུ་ཡི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཏང་ཙུའི་ཁོངས་མི་དང་། ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཁོངས་མི་ཝུའུ་མིང་ཀྲན་གྱིས“དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་འགོ་ཚུགས་སར་བརྩིས་ནས་བོད་སྐྱོར་གྱི་མ་དངུལ་སྤྱད་ནས་འཐུང་ཆུ་མཁོ་འདོན་ལས་གྲྭ་ཉམས་བཟོ་དང་ཆ་རྐྱེན་ལེགས་སུ་གཏོང་བའི་མ་དངུལ་ཐག་གཅོད་བྱས་པས། སྲང་ཐ་གྲོང་ཚོའི་འཐུང་ཆུ་མཁོ་འདོན་ལས་གྲྭའི་སྤུས་ཚད་ལེགས་སུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རིང་སྲང་ཐ་གྲོང་ཚོའི་གྲོང་མི་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།

    གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་ཐོན་ལས་དར་རྒྱས་གཏོང་བ་ནི་འགག་རྩ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། སྲང་ཐ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་རུ་ཁག་གིས་སྲང་ཐ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་རམ་འདེགས་བྱས་ཏེ་གྲོང་མི་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བ་དེ་མི་དམངས་ཀྱིས་བདེ་སྐྱིད་དོན་གཉེར་བྱེད་པའི་ཤུགས་རྒྱག་སར་བརྩིས་ཏེ་ཐོན་ལས་དར་རྒྱས་ཀྱིས་མི་དམངས་ཡོངས་ཀྱིས་ངལ་རྩོལ་ལ་བརྟེན་ནས་ལས་ཞུགས་དང་། འབབ་འཕར། ཕྱུག་འགྱུར་བཅས་ཡོང་བར་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཡོད། ཐུ་ནི་སིའི་སེ་འབྲུ་འདེབས་འཛུགས་ཐོན་ལས་གཙོ་བོར་བྱས་པ་དང་ཆབས་ཅིག རྫ་ཡུལ་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་སྒོར་ཁྲི་60ལྷག་ཙམ་བཏང་ནས་རླམ་རྩྭ་ཕོ་སུལ་འདེབས་འཛུགས་བྱས་ཏེ་རླམ་རྩྭ་ཕོ་སུལ་ཐོན་ལས་ཁྱད་ལྡན་ཀ་རྟེན་ཐོན་ལས་གསར་པར་སྐྱེད་སྲིང་ཧུར་ཐག་བྱས་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་ཆེད་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།