ཉིང་ཁྲིའི་ཁྲལ་དོན་གྱི་ཕྱོགས་གསུམ་གཞི་གཅིག་གི་ལས་ཀ་བྱེད་སྟངས།
སྲིད་ཇུས་བཟང་པོ་ཁྱབ་སྤེལ་གནད་སྨིན་བྱས། མཉམ་ལས་ཁང་ལ་ཞབས་འདེགས་གང་ལེགས་ཞུས།
ན་ནིང་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཡུལ་དེ་གའི་མཉམ་ལས་ཁང་གི་དཀའ་ངལ་དང་རེ་ཞུ་འཚོལ་བསྡུ་ནན་ཏན་བྱས་ནས་གྲོས་བསྡུར་དང་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། “གནས་རྒྱུད་ཁྱོན”བཅས་ཕྱོགས་གསུམ་གཞི་གཅིག་གི་ལས་ཀ་བྱེད་སྟངས་ལག་ལེན་བསྟར་བ་བརྒྱུད་དམིགས་སར་ཇུས་བསྟར་དང་། ཞབས་འདེགས་གནད་སྨིན་ཞུས་ཏེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་སྟོབས་ཆེར་འགྲོ་བ་དང་གྲོང་གསེབ་དར་རྒྱས་མགྱོགས་སུ་གཏོང་བར་སྐུལ་མ་བཏང་བ་རེད།
སྲིད་ཇུས་དྲིལ་བསྒྲགས་གནད་འཁེལ་བྱས་ནས་ཁྱད་ལྡན་ཐོན་ལས་ཀྱི“ཕྱུག་འགྱུར་ལམ་བུ”བཏོད་ཅིང་། ལས་རིགས་དབྱེ་ནས་ཁྲལ་ཁེ་སྤེལ་རེས་ཀྱི་སྐད་འཕྲིན་ཚོགས་པ་བཙུགས་ཏེ་སྲིད་གཞུང་གི་དྲ་མིག་དང་མཉམ་འདྲེས་དང་། “མིང་ཐོ་ལམ་ལུགས་ཀྱི་དོ་དམ”ལག་བསྟར། གྲངས་གཞི་ཆེན་པོར་བརྟེན་ནས་ལས་ཀ་ཡག་པོ་སྒྲུབ་པ། སྤྱོད་གོ་ཆོད་པའི་སྲིད་ཇུས་གནད་ལ་འཁེལ་པོས་ཁྱབ་སྤེལ་གཏོང་བ། ལྟ་བདེ་གོ་སླའི“སྡེབ་གཅིག”གི་ཞབས་ཞུའི་དྲན་སྐུལ་མཁོ་འདོན་བཅས་བྱས་པས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་540ལྷག་ཙམ་ལ་ཕན་ཐོགས་ཡོད། ཆེད་ལས་ཀྱི་ཁྲལ་རིན་སྲིད་ཇུས་དོན་འཁྱོལ་ཚོགས་པ་བཙུགས་ནས་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ཀྱི་རྩིས་ཐོ་དང་ལོངས་སུ་སྤྱོད་སྟངས་རིགས་ལྔ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་པ་དང་། དུད་ཚང་210ལྷག་ཙམ་ལ་འཚམས་འདྲི་ཞུས་ནས“གཅིག་གཏད་གཅིག”གི་གཏན་འཁེལ་ཅན་གྱི་ཞབས་འདེགས་ཞུས་ཏེ་ཁྲལ་རིན་སྲིད་ཇུས་ཁག་དོན་འཁྱོལ་གནད་སྨིན་ཐུབ་པར་བྱས་པ་རེད།
དྲ་ཐོག་ནས་བཀོལ་སྤྱོད་གསོ་སྦྱོང་བྱས་ཏེ་ཁྲལ་རིན་རེ་ཞུའི“སྤྲིན་ཚོམ་སྒྲུབ་གཉེར”མངོན་འགྱུར་བྱས་ཤིང་། རྩིས་ཚབ་རྩིས་གཉེར་དང་ཁྲལ་འབྲེལ་མཚམས་སྦྱོར་གྱི་འབྲེལ་ཐག་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁྲལ་དོན་ཅུས་དང་། ཁྲལ་འབྲེལ་ཞབས་ཞུའི་སྒྲིག་གཞི། དེ་བཞིན་མཉམ་ལས་ཁང་བཅས་གནད་གཅིག་ཏུ་སྦྲེལ་ནས་མཉམ་དུ་དྲ་ཐོག་གི་ཁྲལ་གཉེར་གྲོན་འཇལ་ཁྱབ་གདལ་བཏང་བ་དང་། ཁྲལ་འབྲེལ་ཞབས་ཞུའི་སྒྲིག་གཞི་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཆེད་དོན་གསོ་སྦྱོང་དང་བཞུགས་མོལ་ཚོགས་འདུ་ཐེངས་20ལྷག་ཙམ་སྒྲིག་འཛུགས་བྱས་ནས་འཚོགས་པ་དང་། བརྟག་དཔྱད་འདྲི་ཤོག་1000ལྷག་ཙམ་སྤྲད་པ། བསམ་འཆར་དང་གྲོས་འགོ་70ལྷག་ཙམ་བསྡུ་ལེན་བྱས་པ། “མིག་སྔའི་བཅོས་སྒྲིག”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་པ། གནད་དོན་གྱི་རྩིས་ཁྲ་བཟོ་བ་དང་འབྲེལ་དུས་ཐོག་ཏུ་ཐོ་བསུབ་པ། ལས་སྒོའི་རྐང་འཛིན་པ་མངགས་ནས་ཁྲལ་འཇལ་མཁན་ལ་གློག་རྡུལ་ཁྲལ་དོན་བེད་སྤྱོད་ལ་མཛུབ་ཁྲིད་བྱས་ནས་རྒྱུན་གཏན་གྱི་རེ་ཞུའི་བཀོལ་སྤྱོད་བརྒྱུད་རིམ་འགྲེལ་བཤད་བརྒྱབ་ཅིང་། ད་ལོའི་ཟླ་གསུམ་པའི་ཟླ་སྟོད་བར་ཁོངས་གཏོགས་ཁུལ་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཁྲལ་རིན་ཁག་དྲ་ཐོག་ནས་རེ་ཞུ་བྱེད་ཚད་90%ཡན་ཟིན་གྱི་ཡོད་པ་རེད།
སྐུལ་ཁྲིད་རོགས་སྐྱོར་ཁྱོན་ཡོངས་ནས་སྤེལ་ཏེ་རྒྱུན་མཐུད་ལེགས་འཕེལ་གྱི“འཕེལ་རྒྱས་ཀྱི་ཞིང་ས”བཏོད་ཅིང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་རྒྱ་ཆེར་གཏོང་བ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་འཛད་སྤྱོད་རོགས་སྐྱོར་ཤུགས་ཆེན་བྱས་པ་དང་། ཕྱོགས་གཏན་འཁེལ་གྱི་ཉོ་སྒྲུབ་དང་། ཉོ་སྒྲུབ་ཀྱིས་ཞལ་འདེབས་ཀྱི་ཚབ་བྱེད་པ། ཉོ་སྒྲུབ་ཀྱིས་རོགས་རམ་གྱི་ཚབ་བྱེད་པ་སོགས་ལ་བརྟེན་ནས་མཉམ་ལས་ཁང་གི་ཐོན་རྫས་ཕྱིར་འཚོང་བྱེད་རོགས་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་གིས་སྔོན་ལ་ཞབས་འདེགས་ཞུ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲལ་འབབ་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་གཞི་ལག་ལེན་བསྟར་ནས“གྲོང་ཚོ་མཉམ་སྡེབ་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་བཏོད་དེ་མཉམ་ལས་ཁང་དང་སྒོ་རའི་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་བྱས་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་དུས་མཚུངས་གཉེར་སྐྱོང་གཞི་ཁྱོན་སྟོབས་ཆེར་བཏང་བ་རེད།