དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • 2023ལོའི་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་པ།

    ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་དང་། གྲོང་གསེབ་དར་རྒྱས་ཀྱི་ཅུས་ཀྲང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2023ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་འབྲུ་རིཌ་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ལྡན་སྟོབས་ཆེ་བཅས་ལ་རྒྱུན་མཐུད་དམ་འཛིན་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བས། འབྲུ་རིགས་ཐོན་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཐོན་ལས་དང་པོའི་རིན་ཐང་འཕར་མ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གིས་ལོ་རྒྱུས་ཀྱི་ཟོན་ཐོ་གསར་པ་བཏོད་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    2023ལོར་རང་ལྗོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་ཅིང་། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་291.88ཟིན་པའི་ནང་། ནས་མུའུ་ཁྲི་222.87ཟིན་པ་དང་། འབྲུ་རིགས་ཐོན་ཚད་ཏུན་ཁྲི་108.87ཟིན་པའི་ནང་། ནས་ཏུན་ཁྲི་84.36ཟིན་ནས་སྤྱིར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་67.4མཐུད་སྐྲུན་དང་གསར་སྐྲུན་ལེགས་སྒྲུབ་བྱས་ཤིང་། ལོ་འཁོར་གྱི་ལས་འགན་ཚད་ལས་བརྒལ་ཏེ་ལེགས་སྒྲུབ་བྱས་པ་དང་། ས་སྟོང་མུའུ་ཁྲི་2.39བསྐྱར་འདེབས་བྱས་ཡོད། ནས་ཀྱི་སོན་བཟང་ཁྱབ་ཚད་93%ཟིན་པ་དང་། འབྲུ་རིགས་སྐྱེ་དངོས་གཙོ་བོའི(ནས)རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་71%ཟིན་ཡོད།

    “ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་བརྟན་པོའི་ངང་འཕར་ཞིང་། སྔོན་དཔག་བྱས་ན། ལྗོངས་ཡོངས་ཀྱི་ཤ་སྒོང་འོ་གསུམ་གྱི་ཐོན་ཚད་ཏུན་ཁྲི་92.8དང་སྔོ་ཚལ་ཐོན་ཚད་ཏུན་ཁྲི་95ཟིན་ཡོད། གཟན་རྩྭ་བསྐྱར་འདེབས་དང་། ཁང་པའི་རྒྱབ་མདུན་དུ་རྩྭ་འདེབས་པ་དང་ཡུག་ཁུལ་དུ་མི་ཐབས་གཟན་རྩྭ་འདེབས་ཚད་མུའུ་ཁྲི་57.51ཟིན་པ་དང་། རྒྱུད་པ་ལེགས་བཅོས་བྱས་པའི་ཕྱུགས་རིགས་མགོ་གྲངས་ཁྲི་30ཡན་ཟིན་ནས། ཕྱུགས་རིགས་རྒྱུད་བཟང་ཁྱབ་ཚད་46%ཟིན་ཡོད། ད་ཡོད་ཀྱི་སྔོ་ཚལ་སྒྲིག་བཀོད་ལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་བེད་མེད་དུ་ལུས་པའི་དྲོད་ཁང་མུའུ་1643.1སླར་གསོ་བེད་སྤྱོད་བྱས་ཡོད། ཞིང་ལས་ཐོན་རྫས་ལྟ་ཞིབ་ཚད་ལེན་གྱི་སྤྱིའི་ཚད་ལོན་ཚད་97.8%ཟིན་ཡོད།

    ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་ཞིང་། ལྗོངས་ཡོངས་ཀྱི་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་215.01ཟིན་ནས་14.9%འཕར་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་75ལས་བརྒལ་ནས་25%ཡན་འཕར་ཡོད། རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་12དང་རྒྱལ་ཁབ་རིམ་པའི་ཞིང་འབྲོག་པའི་མཉམ་ལས་ཁང་གི་དཔེ་སྟོན་མཉམ་ལས་ཁང་40མང་དུ་ཕྱིན་ཡོད། སྣེ་འདྲེན་ཁེ་ལས་ཀྱི་བཀྲག་མདངས་འཚེར་ས་14བདམས་པ་དང་། ཞིང་འབྲོག་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་བཞག་པའི་རྣམ་གྲངས་19དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་27.34ཟིན་ཡོད། ལྗོངས་ཡོངས་ཀྱི་འབྱུང་འཕྲོད་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས། གྲགས་ཅན་ཕུལ་བྱུང་ཞིང་ལས་ཐོན་རྫས་བཅས་ཀྱི་བསྡོམས་འབོར་301ཟིན་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་4ཐོག་མར་བཙུགས་པ། རང་སྐྱོང་ལྗོངས་ཀྱིས་ཐོན་ཡུལ་གྱི་མིང་ཐོག་ནས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཨང་གཉིས་པ“བོད་ཀྱི་ཁུ་ལུ”ཞེས་པ་གྲུབ་འབྲས་ཐོབ་པའི་ངང་ཁྱབ་བསྒྲགས་བྱས་ཡོད། ཐོན་ལས་ཁྱུ་ཚོགས་1དང་། ཐོན་ལས་གླིང་1 ཐོན་ལས་སྟོབས་ལྡན་གྲོང་རྡལ་5བཅས་གསར་འཛུགས་བྱེད་ཆོག་པའི་ཆོག་མཆན་ཐོབ་ཡོད།

    ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་འཕར་ཞིང་། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19924ཟིན་ནས་9.4%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.7གྱིས་མཐོ་བ་ཡོད། ཞིང་འབྲོག་པའི་ཡོང་འབབ་ཀྱི“ཡོང་ཁུངས་ཆེན་པོ་བཞིར”དམིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་། དུས་ཚིགས་རེར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོར་སླེབས་ཡོད།

    གཞན་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དེ་ཉིད“གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པའི་ས་ཆར”བདམས་པ་དང་། ཆབ་མདོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་དང་། ལྷ་ས་གྲོང་ཁྱེར་འབྲོག་ལས་དང་ཕྱུགས་རིགས་སྨན་པའི་སྤྱི་ཁྱབ་ས་ཚིགས། སྤོ་བོ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་བཅས་ཞིང་ལས་དང་གྲོང་གསེབ་པུས“རྒྱལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ལ་བདམས་པ། ཞིང་ལས་དང་གྲོང་གསེབ་པུས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དེ་ཉིད“རྒྱལ་ཡོངས་ཀྱི་ས་རྒྱུའི་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་གྱི་ཕུལ་བྱུང་ཚོད་ལྟའི་རྫོང”དུ་བདམས་པ། ཞིང་ལས་དང་གྲོང་གསེབ་པུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལ་རྒྱལ་ཁབ་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་རྫོང་གི་མིང་དངོས་སུ་བཏགས་པ། ཞིང་ལས་དང་གྲོང་གསེབ་པུས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་བཅས“2022ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཚོར་གཙང་སྦྲ་བྱེད་པའི་བྱ་སྤྱོད་གྱི་སྔོན་ཐོན་རྫོང”ལ་བདམས་པ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཤར་ཁུལ་དེ་རྒྱལ་ཁབ་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་གཏོད་ཁུལ་དུ་ལག་བསྟར་བྱ་རྒྱུའི་ཆོག་མཆན་སྤྲད་པ། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་ཞིང་ལས་དང་གྲོང་གསེབ་པུས་ངོས་འཛིན་གཏན་འཁེལ་བྱས་པ། ཉིང་ཁྲིའི་ཡིད་འོང་ཇ་བཟོ་གྲྭ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཐཱན་ཉུང་ཇའི་ལག་རྩལ་གཅིག་སྡུད་དཔེ་སྟོན་རྟེན་གཞི་ཁག་དང་པོར་གཏན་འཁེལ་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།