དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མཛེས་པའི་གྲོང་གསེབ་བསྐྲུན། སྐྱིད་པའི་འཚོ་བར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    འདི་ནི་ལྷོ་རོང་རྫོང་གིས་གཞུང་ལམ་བདག་སྐྱོང་དུམ་བུའི་ལས་མི་སྒྲིག་འཛུཊ་བྱས་ནས་གཞུང་ལམ་ཉམས་གསོ་བྱེད་བཞིན་པ།

    མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དུ་གནས་པའི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ནི་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་རྫོང་གྲོང་ཞིག་ཡིན་ཞིང་། ཆབ་མདོ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་300ལྷག་ཙམ་ཡོད། ས་ཁོད་སྙོམས་པོ་མེད་པ་དང་གྲོག་རོང་མང་བས་ད་བར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཞན་པ་དང་འཕེལ་རྒྱས་འགོར་བ་ནི་དེ་སྔོན་ལྷོ་རོང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོའི“སེམས་ནད”ཅིག་རེད།

    འོན་ཏེ་ད་ཆ་ལྷོ་རོང་དུ་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་གྲལ་སྟར་འགྲིག་པའི་བ་གམ་ཅན་གྱི་ཁང་པ་སྟར་པ་རེ་རེ་དང་གཙང་སྦྲ་དོད་པའི་ཁྲོམ་གཞུང་སྟེ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་རེད།

    “འདིར་མ་སྤོས་གོང་ང་ཚོ་འགམ་ཡར་གྲོང་ཚོར་སྡོད་ཀྱི་ཡོད་ལ། ཞིང་ཁ་བཏབ་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། འོན་ཏེ་ལོ་ལྟར་ལོ་ལེགས་ཡག་པོ་ཡོད་མེད་ནི་སུས་ཀྱང་མི་ཤེས། ད་ཆ་ང་ཚོ་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་ནང་སྡོད་ཀྱི་ཡོད་ལ་སྣུམ་གནག་གཞུང་ལམ་སྒོ་འགྲམ་བར་བཏིང་ཡོད། མ་ཟད་ཉེ་འགྲམ་དུ་ད་དུང་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། ཚལ་ཁྲོམ། བྱེད་སྒོའི་ཐང་ཆེན་སོགས་འཚོ་བའི་ཞབས་ཞུའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད”ཅེས་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དུད་ཚང་གི་ངག་དབང་ཚེ་རིང་གིས་སྤོབས་སེམས་ཆེན་པོས་གསར་འགོད་པར་ཨ་ཐོག་ཁ་ཡུལ་གཞན་དུ་བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་ཀྱི་འགྱུར་ལྡོག་ངོ་སྤྲོད་བྱས་བྱུང་།

    2018ལོར། ངག་དབང་ཚེ་རིང་ཁྱིམ་དུད་ཀྱིས་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་བཟང་པོ་དང་ལེན་ཧུར་ཐག་ཞུས་ནས་རྫོང་གྲོང་གི་བཀོད་སྒྲིག་ས་ཚིགས་སུ་སྤོས། ངག་དབང་ཚེ་རིང་གིས་ཞིང་ལས་དངུལ་ཁང་གི་གནད་སྨིན་དབུལ་སྐྱོར་གྱི་སྐྱེད་མེད་དངུལ་བུན་སྒོར་ཁྲི་4ལྷག་བླངས་ནས་ལག་བརྒྱུད་རླངས་འཁོར་ཞིག་ཉོས་ཏེ་སྐྱེལ་འདྲེན་ཀྱི་ལས་ཀ་བྱས། ཁོང་གི་ཆུང་མས་ཀྱང་རྫོང་གྲོང་གི་སྡེ་ལས་དོ་དམ་ཀུང་སི་ཞིག་གི་ནང་ལས་ཀ་བྱས་པས་འཚོ་བ་རིམ་བཞིན་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

    2023ལོར། ལྷོ་རོང་གིས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་མཛེས་སྡུག་གནས་འཕྲོད་ཀྱི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་དང་། ཁོར་ཡུག་གཙང་སྦྲ་བའི་གཅེས་སེམས་ངལ་གསོ་ཁང་། གྲོང་ཁྱེར་གྱི་གང་སར་སྦྱར་བའི་བརྡ་ཁྱབ་ཆུང་ངུ་བཅོས་སྒྲིག ཁྲོན་པའི་ཁ་གཅོད། ལམ་ངོས་གྲལ་བཤེར། གྲོང་གསེབ་ཀྱི་ཁྱིམ་ཚང་གསང་སྤྱོད་སྒྱུར་བཀོད། མི་ཕྱུགས་ལོགས་དབྱེ། འཚོ་བའི་གད་སྙིགས་གཙང་སེལ་དང་བཙོག་ཆུ་གཙང་གསིང་སོགས་ལས་འགན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ་རེད། 2023ལོའི་བར། ལྷོ་རོང་རྫོང་གི་ཤང་དང་གྲོང་རྡལ་11ཏུ་ཤར་གཏོང་ཐུབ་ཚད་100%དང་སྒྲིག་ཚུད་གྲོང་ཚོར་ཤར་གཏོང་ཐུབ་ཚད་80%ཟིན་ཡོད། ལྷོ་རོང་ནས་སྤོ་བོའི་དབར་གྱི་གཞུང་ལམ་འཛུགས་སྐྲུན་ལས་དོན་ལ་མིག་སྔར་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ཁྱབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་བསྡུ་རུབ་གཙང་སེལ་བྱེད་ཚད་100%དང་། བཙོག་ཆུ་བསྡུ་རུབ་གཙང་གསིང་བྱེད་ཚད་95%ཡན། ཆུ་མཁོ་འདོན་བྱེད་རྒྱ་100%བཅས་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།