སྦྲང་ནོར་བུ་གསོས་ནས་ཕྱུག་པོའི་ལམ་དུ་བསྐྱོད།
ཟངས་རི་རྫོང་ཟངས་རི་གྲོང་རྡལ་གྱིས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པའི་སྐོར་གྱི་ཟུར་བྲིས།
སྦྲང་ནོར་བུ་གསོ་བར་ས་ཞིང་མི་དགོས་ལ་ས་ཆ་མི་བཟུང་བ་དང་། གསོ་ཚགས་ཀྱི་དུས་འཁོར་ཐུང་བ། ཕན་འབྲས་ཐོན་མགྱོགས་པ་བཅས་ཀྱི་དགེ་མཚན་ལྡན་ཡོད། དེ་ནི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་བྱེད་ཐབས་ནུས་ལྡན་ཞིག་རེད། 2022ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཟངས་རི་གྲོང་རྡལ་གྱིས“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་མཛེས་པ། མི་སེར་ཕྱུག་པ”བཅས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། “དཔལ་འབྱོར་འཕེལ་རྒྱས་དང་། འཛུགས་སྐྲུན་ལ་བྲེལ་བ། འཕེལ་རྒྱས་ལ་དམ་འཛིན”བཅས་དམ་འཛིན་བྱ་གཞིར་བྱེད་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་། ས་མཐོའི་ས་བབ་མཐོ་སར་སྦྲང་ནོར་བུ་གསོ་ཚགས་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཟངས་རི་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་བས། ཞིང་ལས་ཐོན་འཕར་དང་། ཞིང་པར་འབབ་འཕར། གྲོང་གསེབ་སྔོ་ལྗང་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
2022ལོར། ཟངས་རི་གྲོང་རྡལ་གྱིས་ཁྲི་ཁང་གྲོང་ཚོར་ཚོད་ལྟའི་ལས་དོན་སྤེལ་ཏེ་ས་མཐོའི་སྦྲང་ནོར་བུ་སྒམ་20གསོ་ཚགས་བྱས་པ་དང་། ལོ་ཧྲིལ་པོར་སྦྲང་རྩི་ཐེངས་3བསྡུས་པར་ཁྱོན་སྦྲང་རྩི་སྤྱི་རྒྱ་494ཟིན་ནས་ཡོང་འབབ་སྒོར་14822བྱུང་ཡོད།
2023ལོར། ཚན་རིག་དང་མཐུན་པའི་འཆར་འགོད་དང་རྨང་བརྟན་དམངས་ཕན་གྱི་མ་དངུལ་སྒོར་ཁྲི་180བརྩོན་ལེན་དང་བསྡུ་སྒྲིལ་ཧུར་ཐག་བྱས་ནས་ཁྲི་ཁང་གྲོང་ཚོ་དང་། ཕོ་བྲང་གྲོང་ཚོ། སྦིད་པ་གྲོང་ཚོ་བཅས་སུ་སྦྲང་ནོར་བུ་གསོ་ཚགས་ཁྱབ་གདལ་བཏང་བ་དང་། གནད་གཅིག་གིས་ཁྱོན་ཡོངས་ཀྱི་སྣེ་ཁྲིད་ནས་སྦྲང་རྩིའི་ཐོན་ལས་དེ་ཐོན་ལས་ཅན་དང་། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། ཁྱད་ལྡན་སྦྲང་ནོར་བུའི་སྤུས་རྟགས་དང་ཁྱད་ལྡན་ཐོན་རྫས་ཧུར་ཐག་བཏོད་པས། གྲོང་མི་རྣམས་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བར་སྐུལ་འདེད་ཐུབ་ཡོད། 2023ལོ་ནས་བཟུང་། ཁྲི་ཁང་དང་། ཕོ་བྲང་། སྦིད་པ་བཅས་གྲོང་ཚོ་གསུམ་གྱིས་སྦྲང་ནོར་བུ་ཁྱོན་སྒམ་500གསོ་ཚགས་བྱས་པ་དང་། མིག་སྔའི་བར་རིམ་རྩིས་བྱས་ན་སྦྲང་རྩི་སྤྱི་རྒྱ་8285.4བསྡུས་པར་ཡོང་འབབ་སྒོར་ཁྲི་24.52བྱུང་ཡོད་པ་རེད།