འཕྱོངས་རྒྱས་རྫོང་གིས་ཐོན་ལས་འཕེལ་རྒྱས་དང་། ཁོར་ཡུག་བཅོས་སྒྲིག སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པ།
སྔོ་ལྗང་གོས་ཀྱིས་རི་ཀླུང་མཛེས། སྙན་པའི་དབྱངས་ཀྱིས་ཡུལ་ལུང་ཁྱབ།
འདི་ནི་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”དང་མཛེས་སྡུག་ལྡན་པའི་གྲོང་ཚོ་དག་ཡུག་གཅིག་ཏུ་འབྲེལ་བའི་རྣམ་པ་ཡིན་པ།
འདི་ནི་འཕྱོངས་རྒྱས་རྫོང་གིས་ས་གནས་དེ་གའི་ཞིང་ལས་ཐོན་རྫས་བྲིན་ཚོང་གི་དྲ་ཐོག་ཐད་གཏོང་ཁང་བཙུགས་ནས་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ལ་རམ་འདེགས་བྱེད་པ།
ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་བས། ལྗོངས་ཡོངས་ཀྱི་སྔོན་ལ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྫོང་འཛུགས་གཏོད་ཀྱི་མིང་ཐོ་ཁག་དང་པོར་ཚུད་པ་རེད། དེ་དང་ཆབས་ཅིག འཛུགས་གཏོད་ལས་དོན་དང་ལྗོངས་ཡོངས་སུ་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ཀྱི་ཚོད་ལྟའི་ལས་དོན་གོ་སྐབས་སུ་བྱས་ནས། ཚད་གཞི་མཐོ་པོས་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་བཏོད་དེ“ཡར་ཀླུང་གཡུ་ཡི་གཞོང་པར”སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད།
ཐོན་ལས་ནུས་པ་ཆེ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
འཕྱོངས་རྒྱས་རྫོང་གི“ཤ་ཚལ་སྒོང”གསུམ་གྱི་རྟེན་གཞིར་འབྲི་ཏ་ས་འཛིན་སྡོང་པོར་ལོ་འདབ་རབ་ཏུ་རྒྱས་པ་དང་། ཀྲོ་མ་ཀྲུའི་འབྲས་བུ་བྱུར་བུར་བཏགས་པ། ཧོང་ཀྭ་དང་། སུར་པན། ལ་ཕུག་སོགས་སྔོ་ཚལ་གྱི་སྐྱེ་འཚར་ཡག་པ་བཅས་དགའ་འོས་པ་ཞིག་ཡོད། ས་གནས་དེ་གའི་མང་ཚོགས་ཀྱི་ངོས་ནས་བརྗོད་ན། དྲོད་ཁང་ཆེན་པོའི་ནང་གི་སྔོ་ཐིང་ཐིང་གི་རྣམ་པ་དེ་དག་ནི་ལས་ཞུགས་འབབ་འཕར་ལ་སྣེ་ཁྲིད་བྱེད་པའི་མཆོག་ནོར་ལྟ་བུ་རེད།
ད་ཆ་འཕྱོངས་རྒྱས་རྫོང་དུ་གྲོང་གསེབ་དར་རྒྱས་དང་ཐོན་ལས་མཉམ་དར་གྱི་རྣམ་པ་བཟང་པོ་མངོན་ཡོད།
ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་བྱམས་ཆེན་ནས་ཆང་དང་། བྱམས་ཆེན་གཞིས་ཀ བྱམས་ཆེན་གླིང་ཁ་བཅས“ཕྱོགས་གསུམ་གཞི་གཅིག”གི་གྲོང་གསེབ་ཡུལ་སྐོར་རིག་གནས་ཉམས་ལེན་ཁུལ་ཞིག་རགས་ཙམ་ཆགས་ཏེ། ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འཕྲོག་ཡོད།
གཞན་ཡང་བྲ་བོ་འདེབས་འཛུགས་དང་། ལག་འཐག་རྩམ་པ། རྩི་སྦྲང་གསོ་ཚགས་སོགས་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ་བརྒྱུད། འཕྱོངས་རྒྱས་རྫོང་ལ་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་10ཡན་ཟིན་པའི་གྲོང་ཚོ་12ཟིན་པ་དང་ཐོན་ལས་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གྱུར་པ་དང་མང་ཚོགས་ཕྱུག་པོ་ཆགས་པའི་དཔེ་མཚོན་ཁག་གཅིག་ཐོན་ཡོད་པ་རེད།
བཅོས་སྒྲིག་རིམ་སྤོར་ལ་བརྟེན་ནས་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་བ།
ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། “དུས་རབས་གསར་པའི་གནས་འཕྲོས་ཁྱིམ་ཚང་གི་དཔེ་མཚོན་ཁུལ”བསྐྲུན་ནས་རྫོང་ཡོངས་སུ“མཛེས་སྡུག་ལྡན་པའི་གྲོང་གསེབ”ཀྱི་དཔེ་སྟོན་གྲོང་ཚོ་ཁྱབ་ཚད་65%ཟིན་པ་དང“མཛེས་སྡུག་ལྡན་པའི་སྒོ་ར”གཏོད་པའི་དཔེ་སྟོན་དུད་ཚང་339ཡོད་པ་རེད།
གཞན་ཡང་། འཕྱོངས་རྒྱས་རྫོང་གིས་ནུས་ཤུགས་ཡོད་རྒུས་གྲོང་ཚོའི་རྣམ་པ་ལེགས་སུ་བཏང་སྟེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་ལྔའི་བྱ་སྤྱོད་དང་གྲོང་ཚོ་གཙང་མའི་བྱ་སྤྱོད་མུ་མཐུད་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་རིགས་དབྱེར་སྐུལ་འདེད་བཏང་ཞིང་། རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)65%ཡི་བཙོག་ཆུ་གཙང་གསིང་སྒྲིག་ཆས་སྤྱོད་འགོ་ཚུགས་པ་དང་། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”མུ་མཐུད་སྐུལ་འདེད་བཏང་བས་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་ཁྱབ་ཚད་100%ཟིན་པ། ཁ་ཐོར་གྱི་སྒོ་ར་དང་། གཅིག་སྡུད་ཀྱི་སྒོ་ར། རྣམ་གྲངས་ཅན་གྱི་སྒོ་ར་བཅས་སྐྲུན་པའི་དུད་ཚང་1955ཡོད་པ་དང་། མི་ཕྱུགས་ལོགས་དབྱེ་ལེགས་སྒྲུབ་ཐུབ་ཚད་61%ཟིན་ཡོད། གད་སྙིགས་རིགས་དབྱེའི་སྐར་མ་དངུལ་ལ་བརྗེ་བའི“ལྗང་མདོག་དངུལ་ཁང”བསྐྲུན་ནས་གད་སྙིགས་རིགས་དབྱེ་དང་གཙང་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་འབྱུང་རྩ་ནས་རིགས་དབྱེ་དང་ཚད་གཞི་དམའ་རུ་བཏང་སྟེ་དུས་ཐོག་ཏུ་གཙང་སེལ་བྱེད་པར་སྐུལ་འདེད་བཏང་བས། འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཚད་དང་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཚད་གཞི་ལོན་ཚད་100%ཟིན་ཡོད་པ་རེད།
མིག་སྔར། འཕྱོངས་རྒྱས་རྫོང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་བདེ་བླག་ངང་བཏོད་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་དཔྱད་བསྡུར་ལོ་4བསྟུད་མར་ལྷོ་ཁ་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
མཉམ་སྐྲུན་མཉམ་བཅོས་ལ་བརྟེན་ནས་ཞི་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ།
འཕྱོངས་རྒྱས་རྫོང་གིས་ཐོག་མཐའ་བར་གསུམ་དུ་གྲོང་ཁྱེར་དང་གྲོང་གསེབ་བཅོས་སྐྱོང་གསར་གཏོད་ཀྱི་ལག་ལེན་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བས“དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་བསྟུད་མར་ཐེངས་4ཐོབ་པ་དང་། རྒྱལ་ཡོངས་ཀྱི་དུས་བདེ་འཛུགས་སྐྲུན་གྱི་བྱ་དགའ་མཐོ་ཤོས་ཏེ“ཁྲང་ཨན་བུམ་པ”བསྟུད་མར་ཐེངས་གཉིས་ཐོབ་ཡོད།
ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས་གྲོང་ཚོར(གྲོང་ལྷན)“ཏང་དང་མང་ཚོགས་ཀྱི་ཇ་ཁང་ཆུང་ངུ”དང་། “བཅའ་ཁྲིམས་ཁྱབ་གདལ་ས་ཚིགས” “རིག་གནས་དངུལ་ཁང་” ཉིན་མོའི་ལྟ་རྟོག་ལྟེ་གནས་སོགས་ཚོད་ལྟའི་ངང་བཙུགས་ཏེ“ས་ཚིགས་ཆུང་ངུའི”“ནུས་པ་ཆེན་པོ”བཏོན་ཞིང་། རྒྱུན་རྣམ་ཅན་གྱི་སྒོ་ནས“ཇ་ཁང་དུ་ཏང་གི་བཀའ་དྲིན་གླེང་བ”དང་། “ཞིང་འབྲོག་མང་ཚོགས་ཀྱི་མཚན་མོའི་སློབ་གྲྭ” “རིག་རྩལ་དམངས་ཕན་གཤམ་སྐྱོད”སོགས་ཀྱི་བྱེད་སྒོ་སྤེལ་ནས་གཞི་རིམ་གྱི་འཐབ་ས་དང་ཞབས་ཞུའི་ནུས་པ་ལེགས་སུ་དང་རྒྱ་ཆེར་བཏང་བ་དང་། “འཐབ་ས་ཆུང་ངུ”དེ་ཉིད་གཞི་རིམ་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་འཐབ་ས་མདུན་མར་བཏོད་ནས་ཡུལ་སྲོལ་ལེགས་གཏོང་དང་གྲོང་གསེབ་ཞི་མཐུན་ལ་སྐུལ་འདེད་བཏང་ཡོད།
འཕྱོངས་རྒྱས་རྫོང་གིས་ད་དུང“ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཚོད་ལྟའི་རྫོང”ལ་ཞུགས་པའི་གོ་སྐབས་དང་བསྟུན་ཏེ་དྲ་མིག་ཅན་གྱི་དོ་དམ་གཏིང་ཟབ་དང་གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་བ་དང་། རྨང་གཞིའི་དྲ་མིག་72ལེགས་སུ་བཏང་བ། དྲ་དཔོན་དང་། དྲ་མིག་པ། དྲ་མིག་ཉེན་རྟོག་པ། ཆ་འཕྲིན་མི་སྣ་བཅས་བཀོད་སྒྲིག་བྱས་པ། གཞི་རིམ་གྱི་དྲ་མིག་སྣ་ཚོགས“དྲ་བ་གཅིག”ལ་བསྡུ་སྒྲིལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དང་། རིག་ནུས་ཅན། ཆ་འཕྲིན་ཅན་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།