དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཏུ་ཁང་པ་རྒྱག་པའི་དོ་དམ་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-28

    ལེའུ་དང་པོ། སྤྱིའི་དོན་ཚན་གྱི་སྐོར།

    དོན་ཚན་དང་པོ། རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཏུ་ཁང་པ་རྒྱག་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཏུ་ཁང་པ་རྒྱག་སྟངས་ཚད་ལྡན་དུ་གཏོང་བ། གྲོང་གསེབ་ཀྱི་ཁང་པའི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པ། འཚོ་སྡོད་དང་ལས་གཏོད་ལ་འཚམ་པའི་གྲོང་གསེབ་མཛེས་པོ་སྐྲུན་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨར་སྐྲུན་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ཞིང་འབྲོག་མང་ཚོགས་ཀྱིས་མཉམ་སྡེབ་ལ་དབང་བའི་ས་ཆའི་ཐོག་གྲོང་གསེབ་ཀྱི་ཁང་པ་གསར་པ་རྒྱག་པ་དང་། བཟོ་བཅོས་རྒྱག་པ། རྒྱ་ཆེ་རུ་གཏོང་བ།དེ་བཞིན་འདིར་ལྟ་སྐུལ་དོ་དམ་བྱེད་པ་བཅས་ཀྱི་སྐབས་སུ་བྱ་ཐབས་འདི་སྤྱད་ན་འགྲིག

    དོན་ཚན་གསུམ་པ། གྲོང་གསེབ་ཏུ་ཁང་པ་རྒྱག་སྐབས་ངེས་པར་དུ་སྔོན་ལ་འཆར་འགོད་བྱེད་པ་དང་། ཡུལ་བབ་དང་བསྟུན་པ། རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པ། ས་ཆ་གྲོན་ཆུང་བྱེད་པ། བདེ་འཇགས་དང་འཚོ་སྡོད་ལ་འཚམ་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་། གནོད་མེད་ཐཱན་ཉུང་། འགྲོ་སོང་ཆུང་ལ་གོ་ཆོད། ཡོམ་འགོག་གེགས་སེལ་བཅས་ཀྱི་བླང་བྱ་དང་འཚམ་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་ཐུབ་པ། ས་གནས་དེ་གའི་ལོ་རྒྱུས་རིག་གནས་དང་། ས་ཁོངས་ཀྱི་ཁྱད་ཆོས། གྲོང་གསེབ་ཀྱི་རྣམ་པ་བཅས་མཚོན་ཐུབ་པ་བྱེད་དགོས།

    དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གྲོང་གསེབ་ཀྱི་ཁང་པ་རྒྱག་པར་ཞབས་ཞུ་དོ་དམ་བྱེད་པའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་ཏུ་ཁང་པ་རྒྱག་པར་ཞབས་ཞུ་དོ་དམ་བྱེད་སྐབས་སྡེ་ཚན་སྒྲོལ་བའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་དང་མཉམ་བཤེར་མཉམ་སྒྲུབ་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་བ་དང་། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་གྲོང་གསེབ་ཏུ་ཁང་པ་རྒྱག་པར་ཞབས་ཞུ་དོ་དམ་བྱེད་པའི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་པ། དུས་ཐོག་ཏུ་མཉམ་འབྲེལ་ཞིབ་བཤེར་བཅས་བྱེད་དགོས་པ་མ་ཟད། གྲོང་གསེབ་ཏུ་ཁང་པ་རྒྱག་པར་ཞབས་ཞུ་དོ་དམ་བྱེད་པའི་འབྲེལ་ཡོད་འགྲོ་སོང་རྣམས་རིམ་པ་དེ་གའི་ནོར་སྲིད་ཀྱི་སྔོན་རྩིས་ནང་དུའང་འཇུག་དགོས།

    དོན་ཚན་ལྔ་པ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་གྲོང་གསེབ་ཏུ་ཁང་པ་རྒྱག་པར་ཞབས་ཞུ་དོ་དམ་བྱེད་པའི་འགན་འཁྲི་ཁུར་ཏེ། གྲོང་གསེབ་ཏུ་ཁང་པ་རྒྱག་པའི་སྤུས་ཚད་དང་བདེ་འཇགས་ལྟ་སྐུལ་ལམ་ལུགས་དང་སྐོར་ཞིབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་དབང་ཆ་སྤྲད་པའམ་ཡང་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་མངགས་བཅོལ་ལྟར། གྲོང་གསེབ་ཀྱི་ཁང་སར་ཞིབ་མཆན་འགོད་པ་དང་ཁང་པ་རྒྱག་རྒྱུའི་འཆར་འགོད་ལ་ཆོག་འཐུས་སྤྲོད་པ། དེ་བཞིན་ཁང་པ་རྒྱག་པའི་སྤུས་ཚད་དང་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པ་སོགས་འབྲེལ་ཡོད་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་སྤེལ་དགོས།

    དོན་ཚན་དྲུག་པ། གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གི་མཛུབ་ཁྲིད་འོག་གྲོང་གསེབ་ཀྱི་ཁང་པ་རྒྱག་པར་དེ་ནས་དོ་དམ་བྱེད་པའི་འབྲེལ་ཡོད་གྲོང་སྲོལ་དམངས་ཆིངས་བཟོ་དགོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་རྗེས་ལག་བསྟར་བྱེད་དགོས་པ་མ་ཟད། གྲོང་དོན་ཡོངས་བསྒྲགས་ཀྱི་ནང་དོན་ནང་དུའང་འཇུག་དགོས།

    གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ཞིང་འབྲོག་མང་ཚོགས་ལ་གྲོང་གསེབ་ཀྱི་ཁང་པ་རྒྱག་པའི་ཞིབ་མཆན་འགོད་རྒྱུའི་འབྲེལ་ཡོད་འགྲོ་ལུགས་གཉེར་བའམ་ཡང་ན་ཚབ་གཉེར་བྱེད་པར་མཛུབ་ཁྲིད་དང་། ཞིང་འབྲོག་མང་ཚོགས་ཀྱིས་ཁྲིམས་ལྟར་གྲོང་གསེབ་ཀྱི་ཁང་པ་རྒྱག་པར་ཁྲིད་སྟོན་བྱེད་དགོས།

    དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཚན་གྱིས་ཁང་པ་སྣ་ཚོགས་པ་དང་། ཁང་པའི་སྤུས་ཚད་བདེ་འཇགས་དང་ཡོམ་འགོག་སྒྲིག་བཀོད་བཀོད་སྒྲིག་སོགས་ཀྱི་བླང་བྱ་དང་མཐུན་པ། ས་གནས་ཀྱི་ཁྱད་ཆོས་ལྡན་པ། ས་ཁོངས་ཀྱི་འཛུགས་སྐྲུན་དངོས་པོའི་ཉམས་འགྱུར་མཚོན་པ་བཅས་ཀྱི་གྲོང་གསེབ་ཀྱི་ཁང་པའི་ཚད་གཞི་བཟོ་འགོད་ཀྱི་ཀུན་བཀོལ་དཔེ་རིས་བཟོས་ནས་ཁྱབ་གདལ་བེད་སྤྱོད་དང་གསར་བརྗེས་དུས་ཐོག་ཏུ་བྱེད་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཚན་གྱིས་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་གྲོང་གསེབ་ཏུ་ཁང་པ་རྒྱག་པའི་སྤུས་ཚད་དང་། བདེ་འཇགས། དོ་དམ་བཅས་ལ་ལག་རྩལ་མཛུབ་ཁྲིད་བྱེད་པ་དང་། གྲོང་གསེབ་ཀྱི་ཨར་སྐྲུན་ལག་ཤེས་ཆེ་མོ་བའི་གསོ་སྦྱོང་སྒྲིག་འཛུགས་དང་དེ་བཞིན་གྲོང་གསེབ་ཀྱི་ཁྱད་ཆོས་མངོན་པའི་ཐད་མཛུབ་ཁྲིད་བྱེད་པ། གྲོང་གསེབ་ཀྱི་ཨར་སྐྲུན་ལག་ཤེས་ཆེ་མོ་བ་དང་ཨར་ལས་ཚན་པས་གྲོང་གསེབ་ཏུ་ཁང་པ་རྒྱག་པར་གདེང་འཇོག་དཔྱད་ཞིབ་བྱེད་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཞབས་ཞུ་དོ་དམ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་ཀྱི་གཙོ་གཉེར་སྡེ་ཚན་གྱིས་གྲོང་གསེབ་ཏུ་ཁང་པ་རྒྱག་པའི་ཁང་ས་བགོ་འགྲེམས་དང་། བེད་སྤྱོད། ནང་བཤུག ཁྲིམས་འགལ་གྱིས་ས་ཆ་སྤྱད་པར་ཞིབ་བཤེར་ཐག་གཅོད་བྱེད་པ། ཁང་ས་སྤྱོད་པའི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཁང་ས་བཀོད་སྒྲིག་ལུགས་མཐུན་དང་བེད་མེད་དུ་བཞག་པའི་ཁང་ས་དང་ཞིང་པའི་ཁང་པ་བེད་སྤྱོད་བྱེད་རྒྱུར་མཛུབ་ཁྲིད་བྱེད་པ། གྲོང་གསེབ་ཀྱི་ཁང་སའི་མིག་སྔའི་གནས་ཚུལ་དང་དགོས་མཁོའི་གནས་ཚུལ་ལ་བསྡོམས་རྩིས་དང་བརྟག་དཔྱད་སྒྲིག་འཛུགས་བྱས་ནས་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཁང་པ་རྒྱག་རྒྱུར་དགོས་པའི་ས་ཆ་གསར་པའི་དགོས་མཁོ་དུས་ཐོག་ཏུ་རིམ་པ་གཅིག་མཚུངས་ཀྱི་རང་བྱུང་ཐོན་ཁུངས་སྡེ་ཚན་ལ་སྙན་སེང་ཞུ་བ་སོགས་ཞབས་ཞུ་དོ་དམ་གྱི་ལས་དོན་སྒྲུབ་འགན་ཁུར་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་ཀྱི་གཙོ་གཉེར་སྡེ་ཚན་གྱིས་གྲོང་ཚོའི་འཆར་འགོད་སྒྲིག་བཟོ་དང་། གྲོང་གསེབ་ཀྱི་ཁང་སའི་གཞི་ཁྱོན་དང་། བཀོད་པ། ཁང་པ་འཛུགས་སྐྲུན་གྱི་འཆར་འགོད་ཆོག་འཐུས། ཞིང་ལས་ཐད་སྤྱོད་པའི་ས་ཆ་བསྒྱུར་བཀོད། ཁང་པའི་བདག་དབང་ཐོ་འགོད་སོགས་ཀྱི་ཞབས་ཞུ་དོ་དམ་གྱི་ལས་དོན་སྒྲུབ་འགན་ཁུར་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནོར་སྲིད་དང་། སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། འཕྲལ་སྡོམ། ཁྲོམ་ར་ལྟ་སྐུལ་དོ་དམ། ནགས་ཚལ་དང་རྩྭ་ཐང་སོགས་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་ལྟར་གྲོང་གསེབ་ཀྱི་ཁང་པ་རྒྱག་པའི་འབྲེལ་ཡོད་ཞབས་ཞུ་དོ་དམ་གྱི་ལས་དོན་སྒྲུབ་འགན་ཁུར་དགོས།

    དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་གཙོ་གཉེར་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གྲོང་གསེབ་ཀྱི་ཁང་པ་ཕྱོགས་བསྡུས་དོ་དམ་གྱི་ཆ་འཕྲིན་ལས་སྟེགས་བཙུགས་ཏེ། ཞིང་ལས་གྲོང་གསེབ་དང་རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་དང་མཉམ་དུ་གྲོང་གསེབ་ཀྱི་ཁང་པའི་ཆེ་ཆུང་དང་། གནས་ཡུལ། ཁང་པའི་ངོ་བོ། བདེ་འཇགས་གནས་ཚུལ། སྲིད་འཛིན་མཆན་འགོད་སོགས་ཀྱི་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱེད་དགོས།

    དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེ་བཞིན་དེའི་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་གཞུང་ནས་ཞབས་ཞུ་ཉོ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་གྲོང་གསེབ་ཏུ་ཁང་པ་རྒྱག་པར་ཞབས་ཞུ་དོ་དམ་གྱི་འབྲེལ་ཡོད་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་། དེ་བཞིན་དེའི་འབྲེལ་ཡོད་སྡེ་ཚན། གྲོང་ཚོ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གྲོང་གསེབ་ཀྱི་ཁང་པ་རྒྱག་པའི་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་འབྲོག་མང་ཚོགས་ལ་གྲོང་གསེབ་ཏུ་ཁང་པ་རྒྱག་པའི་ཤེས་བྱ་དང་བདེ་འཇཊ་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་དགོས།

    ལེའུ་གཉིས་པ། ས་ཆ་འདེམས་པ་དང་ཞིབ་མཆན་འགོད་པའི་སྐོར།

    དོན་ཚན་བཅུ་གཅིག་པ། གྲོང་གསེབ་ཏུ་ཁང་པ་རྒྱག་སྐབས་ཞིང་འབྲོག་མང་ཚོགས་དུད་ཚང་རེ་ལ་ཁང་ས་རེ་ལས་ཡོད་མི་ཆོག

    གྲོང་གསེབ་ཏུ་ཁང་པ་རྒྱག་སྐབས་རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་འཆར་འགོད་དང་གྲོང་ཚོའི་འཆར་འགོད་ཀྱི་བླང་བྱ་དང་མཐུན་དགོས་ལ། ཚན་རིག་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་པ་དང་། སྔར་ཡོད་ཀྱི་ཁང་ས་དང་། ས་ཆ་སྟོང་པ། བེད་སྤྱོད་མ་བྱས་པའི་ས་ཆ་བཅས་སྔོན་ལ་སྤྱོད་དགོས། རྒྱུན་འཇགས་ཀྱི་གཞི་རྩའི་ཞིང་ཁ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་འཛུགས་སྐྲུན་བྱས་མི་ཆོག་པའི་ས་ཁོངས་བཟུང་སྤྱོད་བྱས་པའི་རིགས་གཏན་འགོག་བྱེད་དགོས། ས་གཤིས་ཀྱི་གནོད་སྐྱོན་འབྱུང་སླ་བའི་ཁུལ་དང་ཆུ་བོ་དང་ཆུ་ལོག་རྒྱུག་ཁུལ་སོགས་ཉེན་ཁ་ཆེ་བའི་ས་ཁོངས་ཀྱི་འཁྲིས་སུ་ཁང་པ་རྒྱག་མི་ཉན།

    དོན་ཚན་བཅུ་གཉིས་པ། ཞིང་འབྲོག་པས་ཁང་པ་རྒྱག་སྐབས་སྔོན་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སམ་ཡང་ན་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་རེ་འདུན་ཞུ་དགོས་པ་མ་ཟད། གཏན་འབེབས་གཞིར་བཟུང་རེ་ཞུའི་དཔྱད་ཡིག་ཀྱང་འབུལ་དགོས།

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སམ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ཞུ་ཡིག་འབྱོར་བའི་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས་5ཡི་ནང་ཞིབ་བཤེར་བྱེད་དགོས་པ་དང་། ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མིའི་ཚོགས་ཆེན་ཐོག་གྲོས་འཆམ་བྱེད་དགོས་པ་མ་ཟད། གྲོང་ཚོ་དེ་གའི་གྲོང་དོན་ཡོངས་བསྒྲགས་སྒྲོམ་བྱང་ཐོག་སྤྱི་བསྒྲགས་ཀྱང་བྱེད་དགོས་པ་དང་། སྤྱི་བསྒྲགས་ཉིན་7ལས་མི་ཉུང་བ་བྱེད་དགོས། སྤྱི་བསྒྲགས་བྱས་པར་བསམ་འཆར་མེད་པའམ་ཡང་ན་བསམ་འཆར་བཏོན་པ་ཁུངས་ལུང་མེད་པའི་རིགས། རེ་འདུན་ཞུ་ཡིག་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་འབུལ་དགོས། ཁང་པ་རྒྱག་པའི་ཞིང་འབྲོག་མང་ཚོགས་ཀྱི་ས་ཆར་ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་པར་བསམ་འཆར་མི་མཐུན་པ་བྱུང་བའི་རིགས། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་ལ་བསམ་འདུན་བསྐྱར་ཞུ་བྱེད་ཆོག ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ཡུལ་འདིར་ཡིན་མིན་བརྟག་དཔྱད་དང་ཐག་གཅོད་བྱེད་པར་ལས་དོན་པ་གཏོང་དགོས།

    དོན་ཚན་བཅུ་གསུམ་པ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཁང་པ་རྒྱག་རྒྱུའི་རེ་འདུན་ཞུ་ཡིག་འབྱོར་བའི་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས་15ཡི་ནང་ཚུན་དུ་ཞིབ་བཤེར་བྱེད་དགོས། ཞིབ་བཤེར་བྱས་ནས་གྲོས་འཆམ་བྱུང་བའི་རིགས། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ཁང་པ་རྒྱག་རྒྱུའི་རེ་ཞུར་ཁྲིམས་ལྟར་ཆོག་མཆན་སྤྲོད་དགོས་པ་མ་ཟད། གཏན་འབེབས་ལྟར་ཤང་དང་གྲོང་ཚོའི་འཛུགས་སྐྲུན་འཆར་འགོད་ཀྱི་ཆོག་འཐུས་ལག་ཁྱེར་དང་གྲོང་གསེབ་ཀྱི་ཁང་སའི་ཆོག་འཐུས་ལག་ཁྱེར་གཉེར་དགོས། དཔྱད་སྤྲོད་བྱས་པའི་ཤང་དང་གྲོང་ཚོའི་འཛུགས་སྐྲུན་འཆར་འགོད་ཀྱི་ཆོག་འཐུས་ལག་ཁྱེར་དང་གྲོང་གསེབ་ཀྱི་ཁང་སའི་ཆོག་འཐུས་ལག་ཁྱེར་དེ། ཁྲིམས་ལྟར་ཆོག་མཆན་བཀོད་པའི་རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་འཆར་འགོད་དོ་དམ་ཚོད་འཛིན་གྱི་སྒྲིག་སྲོལ་དང་། གྲོང་ཚོའི་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད། དེ་བཞིན་སྤྱོད་སྒོ་དོ་དམ་གྱི་བླང་བྱ་བཅས་དང་མཐུན་དགོས། ཞིང་ལས་ཐད་སྤྱོད་པའི་ས་ཆ་བཟུང་སྤྱོད་བྱས་པ་དང་འབྲེལ་བ་ཡོད་པའི་རིགས། ཞིང་ལས་ཐད་སྤྱོད་པའི་ས་ཆ་བསྒྱུར་བཀོད་བྱེད་པའི་ཞིབ་བཤེར་མཆན་འགོད་འགྲོ་ལུགས་ཁྲིམས་ལྟར་གཉེར་དགོས།

    ལེའུ་གསུམ་པ། ཇུས་འགོད་དང་ཨར་སྐྲུན་བྱེད་པའི་སྐོར།

    དོན་ཚན་བཅུ་བཞི་པ། ཞིབ་འབྲོག་མང་ཚོགས་ཀྱིས་ཐོག་སོ་གཉིས་དང་དེ་ཡན་གྱི་སྡོད་ཁང་རྒྱག་སྐབས། རིན་མེད་མཁོ་འདོན་བྱས་པའི་གྲོང་གསེབ་ཀྱི་ཁང་པའི་ཚད་གཞི་ཇུས་འགོད་ཀྱི་ཀུན་བཀོལ་དཔེ་རིས་འདེམས་ཆོག་ལ། དེ་མཚུངས་ཀྱི་འོས་ཐོབ་ལྡན་པའི་ཇུས་འགོད་སྡེ་ཚན་ནམ་ཡང་ན་ཐོ་འགོད་ལས་རིགས་ཀྱི་ཐོབ་ཐང་ལྡན་པའི་ཇུས་འགོད་མི་སྣར་ཇུས་འགོད་བྱེད་པར་མངགས་སྐྱེལ་བྱས་ནའང་ཆོག ཇུས་འགོད་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚད་གཞི་དང་ལག་རྩལ་མཛུབ་ཁྲིད་རྩ་དོན་གྱི་བླང་བྱ་དང་མཐུན་དགོས།

    ཞིང་འབྲོག་པས་བེད་སྤྱོད་གཏོང་བའི་གྲོང་གསེབ་ཀྱི་སྡོད་ཁང་ཇུས་འགོད་ཀྱི་ཀུན་བཀོལ་དཔེ་རིས་ལ་བཟོ་བཅོས་བརྒྱབ་པའི་རིགས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚད་གཞི་དང་ལག་རྩལ་མཛུབ་ཁྲིད་རྩ་དོན་གྱི་བླང་བྱ་དང་མཐུན་དགོས་པ་དང་། ཁང་པའི་གྲུབ་ཆའི་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱེད་དགོས། འཛུགས་སྐྲུན་དངོས་པོའི་ཉམས་འགྱུར་ཐད་ཀྱི་བླང་བྱ་དང་མཐུན་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་མངགས་བཟོ་ཅན་གྱི་ཞིང་འབྲོག་པའི་སྡོད་ཁང་ཇུས་འགོད་དང་བཟོ་བཅོས་ཞབས་ཞུའི་ལས་དོན་སྤེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་དམིགས་བསལ་ཅན་གྱི་དགོས་མཁོ་སྐོང་རྒྱུར་བསྔགས་སྐུལ་བྱེད་དགོས།

    དོན་ཚན་བཅོ་ལྔ་པ། གྲོང་གསེབ་ཏུ་ཁང་པ་རྒྱག་སྐབས། ཨར་རྒྱག་ལག་རྩལ་གྱི་བླང་བྱ་ལྟར་དེ་མཚུངས་ཀྱི་ལས་ཀ་བྱེད་ཐུབ་པའི་ཤང་དང་གྲོང་ཚོའི་ཨར་སྐྲུན་ལག་ཤེས་ཆེ་མོ་བའམ་ཡང་ན་དེ་མཚུངས་ཀྱི་འོས་ཐོབ་ལྡན་པའི་ཨར་ལས་སྡེ་ཚན་བདམས་ནས་སྐྲུན་འགན་འཁུར་དུ་འཇུག་དགོས།

    ཤང་དང་གྲོང་ཚོའི་ཨར་སྐྲུན་ལག་ཤེས་ཆེ་མོ་བའམ་ཡང་ན་ཨར་སྐྲུན་ཚན་པས་ལས་འགོ་མ་ཚུཊ་གོང་རྩིག་རྨང་གི་ས་གཤིས་ལ་དགོས་ངེས་ཀྱི་རྩད་ཞིབ་བརྟག་དཔྱད་བྱས་ཏེ། ལག་རྩལ་གྱི་ཚད་གཞིའི་བླང་བྱ་ལྟར་ཁང་པའི་རྩིག་རྨང་ཇི་ལྟར་འདིང་དགོས་མིན་དང་གཏིང་ཚད་ཇི་ཙམ་འདྲུ་དགོས་མིན་ཡག་པོ་ལྟ་དགོས།

    གྲོང་གསེབ་ཀྱི་ཁང་པ་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱེད་སྐབས། ཤང་དང་གྲོང་ཚོའི་ཨར་སྐྲུན་ལག་ཤེས་ཆེ་མོ་བའམ་ཡང་ན་ཨར་ལས་སྡེ་ཚན་གྱིས་སྔར་ཡོད་ཁང་པའི་ཨར་སྐྲུན་སྒྲིག་གཞིའི་བདེ་འཇགས་ལ་སྐྱོན་མི་ཐེབས་པ་བྱེད་དགོས།

    དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཚན་གྱིས་ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཁང་པ་རྒྱག་པའི་ཨར་སྐྲུན་གན་རྒྱའི་མ་དཔེ་བཟོ་དགོས་པ་མ་ཟད། ཁྱབ་གདལ་བེད་སྤྱོད་ཀྱང་གཏོང་དགོས།

    ཁང་པ་རྒྱག་མཁན་ཞིང་འབྲོག་མང་ཚོགས་ཀྱིས་ངེས་པར་དུ་ཤང་དང་གྲོང་ཚོའི་ཨར་སྐྲུན་ལག་ཤེས་ཆེ་མོ་བའམ་ཡང་ན་ཨར་སྐྲུན་ཚན་པ་དང་ཨར་སྐྲུན་གྱི་གན་རྒྱ་བཞག་ནས་ཕྱོགས་གཉིས་པོའི་དབང་ཆ་དང་འོས་འགན་ཁ་གསལ་བཟོ་དགོས་པ་མ་ཟད། ཨར་སྐྲུན་གྱི་ལས་ཡུན་དང་། ཨར་སྐྲུན་གྱི་བདེ་འཇགས་འགན་འཁྲི། ཉམས་བཟོའི་དུས་ཚད། ཉམས་བཟོའི་འགན་འཁྲི་སོགས་ཀྱི་ནང་དོན་ཡང་གཏན་འཁེལ་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གྲོང་གསེབ་ཀྱི་ཁང་པ་ཉམས་བཟོའི་དུས་ཚད་དང་ཉམས་བཟོའི་འགན་འཁྲིའི་ཐད་ལ་གཏན་འབེབས་གཞན་དག་ཡོད་པའི་རིགས། གཏན་འབེབས་དེར་གཞིགས་དགོས།

    ཤང(གྲོང་རྡལ)མི་དམངས་སྲིད་གཞུང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ཁང་པ་རྒྱག་མཁན་ཞིང་འབྲོག་མང་ཚོགས་ཀྱིས་ཤང་དང་གྲོང་ཚོའི་ཨར་སྐྲུན་ལག་ཤེས་ཆེ་མོ་བའམ་ཡང་ན་ཨར་སྐྲུན་ཚན་པ་དང་ཨར་སྐྲུན་གན་རྒྱ་འཇོག་པར་ལྟ་སྐུལ་བྱེད་དགོས།

    དོན་ཚན་བཅུ་བདུན་པ། ཞིང་འབྲོག་མང་ཚོགས་ཀྱིས་ཁང་པ་མ་བརྒྱབ་གོང་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་ལ་ཐིག་བཤེར་གྱི་རེ་འདུན་ཞུ་དགོས་པ་དང་། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣ་ས་གནས་ས་ཐོག་ཏུ་ཐིག་བཤེར་བྱེད་པར་གཏོང་དགོས་པ་དང་། ཐིག་བཤེར་ཚད་གཞི་ལོན་རྗེས་གཞི་ནས་ལས་འགོ་འཛུགས་ཆོག

    དོན་ཚན་བཅོ་བརྒྱད་པ། ཞིང་འབྲོག་མང་ཚོགས་ཀྱིས་ཆོག་མཆན་སྤྲད་པའི་ཁང་སའི་རྒྱ་ཁྱོན་དང་ཐོག་སོ་མང་ཉུང་ལྟར་ཁང་པ་རྒྱག་དགོས་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚད་གཞི་དང་མཐུན་པའི་ཨར་སྐྲུན་རྒྱུ་ཆ་དང་། ཨར་སྐྲུན་གྲུབ་ཆ(ལྷུ་ལག) སྒྲིག་ཆས་བཅས་སྤྱོད་དགོས་པ་ལས། ཚད་གཞི་མ་ལོན་པའི་ཨར་སྐྲུན་རྒྱུ་ཆ་དང་། ཨར་སྐྲུན་གྲུབ་ཆ(ལྷུ་ལག) སྒྲིག་ཆས་བཅས་གཏན་ནས་སྤྱོད་མི་ཆོག ཤང་དང་གྲོང་ཚོའི་ཨར་སྐྲུན་ལག་ཤེས་ཆེ་མོ་བའམ་ཡང་ན་ཨར་སྐྲུན་ཚན་པས་ཁང་པ་རྒྱག་མཁན་ཞིང་འབྲོག་མང་ཚོགས་ལ་ཚད་གཞི་ལོན་པའི་ཨར་སྐྲུན་རྒྱུ་ཆ་དང་། ཨར་སྐྲུན་གྲུབ་ཆ(ལྷུ་ལག)སྒྲིག་ཆས་བཅས་འདེམས་སྤྱོད་བྱེད་པར་རོགས་རམ་བྱེད་དགོས།

    གྲོང་གསེབ་ཏུ་ཁང་པ་རྒྱག་སྐབས། ལྕགས་ཧྲེང་གྲུབ་ཆ་སྒྲིག་སྦྱོར་དང་། གྱང་ངོས་དྲོད་སྲུང་། ཉི་ནུས་འོད་ཚད། འོད་ཤུགས་སོགས་གནོད་མེད་ཨར་སྐྲུན་ལག་རྩལ་དང་རྒྱུ་ཆ་ཁྱབ་གདལ་བེད་སྤྱོད་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་བཅུ་དགུ་པ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཁང་པ་རྒྱག་སའི་ལས་ཡུལ་དུ་རྒྱུན་གཏན་ནས་ཞིབ་བཤེར་བྱེད་རྒྱུའི་སྒྲིག་འཛུགས་བྱས་ཏེ། ཆོག་མཆན་སྤྲད་པའི་རྒྱ་ཁྱོན་དང་འཆར་འགོད་ཆོག་འཐུས་སོགས་ཀྱི་བླང་བྱ་ལྟར་ཨར་སྐྲུན་བྱས་མིན་དང་། ཉེན་ཁ་མེད་པའི་ཐོན་སྐྱེད་ཀྱི་འགོག་སྲུང་བྱ་ཐབས་སྤྱད་མིན་ཞིབ་དཔྱད་བྱས་ནས། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་། བཀག་འགོག ཞིབ་བཤེར་ཐག་གཅོད་བཅས་བྱེད་དགོས་པ་དང་། འབྲེལ་ཡོད་ཀྱི་མི་སྣ་དང་ཚན་པས་ངེས་པར་དུ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས། གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཁང་པ་རྒྱག་སའི་ལས་ཡུལ་ལ་ཞིབ་བཤེར་བྱེད་ཆོག གལ་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་ཡོད་པ་ཤེས་པའི་རིགས། བཀག་སྡོམ་བསླབ་བྱ་བྱེད་དགོས་པ་དང་བཀག་སྡོམ་བསླབ་བྱ་བྱས་ཀྱང་ཕན་འབྲས་མ་ཐོན་པའི་རིགས། དུས་ཐོག་ཏུ་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས།

    ཨར་སྐྲུན་བྱེད་རིང་ལས་འཛོལ་ཐོན་པའི་རིགས། ཁང་པ་རྒྱག་མཁན་ཞིང་འབྲོག་མང་ཚོགས་དང་ཤང་དང་གྲོང་ཚོའི་ཨར་སྐྲུན་ལག་ཤེས་ཆེ་མོ་བའམ་ཡང་ན་ཨར་སྐྲུན་ཚན་པས་འཕྲལ་མར་རོགས་སྐྱོབ་བྱེད་དགོས་པ་དང་། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་རོགས་སྐྱོབ་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་མ་ཟད་ཁྲིམས་ལྟར་གོང་རིམ་ལ་སྙན་སེང་ཡང་ཞུ་དགོས།

    དོན་ཚན་ཉི་ཤུ་པ། ཞིང་འབྲོག་མང་ཚོགས་ཀྱི་ཁང་པ་བརྒྱབ་ཟིན་རྗེས་ཁང་པ་རྒྱག་མཁན་ཞིང་འབྲོག་མང་ཚོགས་ཀྱིས་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་ལ་ཁང་པ་བརྒྱབ་ཚར་བ་ཞིབ་བཤེར་རྩིས་ལེན་བྱེད་པར་ཡོང་རྒྱུའི་རེ་འདུན་ཞུ་དགོས། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ཁང་ས་དོ་དམ་དང་། འཆར་འགོད་ཞིབ་བཤེར་རྩིས་ལེན། སྤུས་ཚད་བདེ་འཇགས་སོགས་ཐད་ཁང་པ་བརྒྱབ་ཚར་བ་ཞིབ་བཤེར་རྩིས་ལེན་གཅིག་གྱུར་ཐོག་བྱ་རྒྱུ་རེད། བླང་བྱ་དང་མི་མཐུན་པའི་རིགས། ཨར་ལས་གྱི་འགན་འཁུར་མཁན་ཤང་དང་གྲོང་ཚོའི་ཨར་སྐྲུན་ལག་ཤེས་ཆེ་མོ་བའམ་ཡང་ན་ཨར་སྐྲུན་ཚན་པ་སྒྲིག་འཛུགས་བྱས་ཏེ་བཅོས་སྒྲིག་བྱེད་དགོས། བླང་བྱ་དང་མཐུན་པའི་རིགས། ཞིབ་དཔྱད་ཀྱི་ངོ་སྤྲོད་ཡི་གེ་སྤྲོད་དགོས།

    ཁང་པ་རྒྱག་མཁན་ཞིང་འབྲོག་པར་ཞིབ་དཔྱད་ཀྱི་ངོ་སྤྲོད་ཡི་གེ་རག་རྗེས། ཤང་དང་གྲོང་ཚོའི་ཨར་སྐྲུན་ལག་ཤེས་ཆེ་མོ་བའམ་ཡང་ན་ཨར་སྐྲུན་ཚན་པ་སྒྲིག་འཛུགས་བྱས་ཏེ། གྲོང་གསེབ་ཀྱི་ཁང་པ་བརྒྱབ་ཚར་བར་ཞིབ་བཤེར་རྩིས་ལེན་བྱེད་འགན་ཁུར་དགོས། ཇུས་འགོད་བྱེད་པར་བསྐྱལ་བའི་རིགས། ཇུས་འགོད་ཚན་པའམ་ཡང་ན་ཇུས་འགོད་པ་ཁང་པ་བརྒྱབ་ཚར་ནས་ཞིབ་བཤེར་རྩིས་ལེན་བྱེད་སྐབས་དེའི་ནང་ཞུགས་དགོས།

    རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་དེ་བཞིན་དེའི་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ལྟར། ཞིང་འབྲོག་མང་ཚོགས་ཁང་པ་རྒྱག་པ་དང་ཞིབ་བཤེར་རྩིས་ལེན་བྱེད་སྐབས། རིན་པ་མེད་པར་ལག་རྩལ་གྱི་ཞབས་འདེགས་ཞུ་དགོས་པའམ་ཡང་ན་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་རིན་པ་མི་དགོས་པར་ལག་རྩལ་གྱི་ཞབས་འདེགས་ཞུ་བར་མཛུབ་ཁྲིད་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། ཁང་པ་རྒྱག་མཁན་ཞིང་འབྲོག་མང་ཚོགས་ཀྱིས་ཁང་པ་བརྒྱབ་ཚར་ནས་ཞིབ་བཤེར་རྩིས་ལེན་བྱས་པའི་དཔྱད་ཡིག་དང་ཞིབ་དཔྱད་ངོ་སྤྲོད་ཡི་གེ་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་འབུལ་དགོས། གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་ཐོག་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་ལ་ཡིག་ཚགས་སུ་ཉར་བར་འབུལ་རྒྱུ་རེད། ཁང་པ་རྒྱག་མཁན་ཞིང་འབྲོག་མང་ཚོགས་ཀྱིས་གཏན་འབེབས་ལྟར་གཏན་འཇགས་རྒྱུ་ནོར་ཐོ་འགོད་འདུན་ཞུ་བྱེད་ཆོག

    ལེའུ་བཞི་པ། བེད་སྤྱོད་དང་སྲུང་སྐྱོབ་བྱེད་པའི་སྐོར།

    དོན་ཚན་ཉེར་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་དེའི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱུན་གཏན་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཁང་པའི་བདེ་འཇགས་གྲལ་བཤེར་གྱི་ལས་ཀའི་ལམ་སྲོལ་འཛུགས་དགོས། གྲལ་བཤེར་བྱས་རྗེས་མངོན་མེད་རྐྱེན་ངན་ཡོད་པ་ཤེས་པའི་རིགས། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་གཏོགས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་དུས་ཐོག་ཏུ་བདེ་འཇགས་གསལ་འབྱེད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཚན་གྱིས་དེ་མཚུངས་ཀྱི་ལག་རྩལ་ཐོག་ནས་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་ཉེར་གསུམ་པ། གྲོང་གསེབ་ཀྱི་ཁང་པའི་བདག་དབང་ཡོད་མཁན་དང་ཁང་པའི་ནང་སྡོད་མཁན་གྱིས་གཤམ་གསལ་གྱི་འགན་འཁྲི་ཁུར་དགོས་པ་སྟེ།

    (གཅིག)དུས་བཀག་ལྟར་ཁང་པའི་བདེ་འཇགས་ལ་ཞིབ་བཤེར་དང་སྲུང་སྐྱོང་བྱེད་དགོས།

    (གཉིས)བདེ་འཇགས་སྐོར་ཞིབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་བྱེད་དགོས།

    (གསུམ)ཁང་པའི་བདེ་འཇགས་ཐད་མངོན་མེད་རྐྱེན་ངན་ཐོན་པའམ་ཡང་ན་ཉེན་ཡོད་ཁང་པ་ཡིན་པ་གཏན་འཁེལ་བྱས་པའི་རིགས། ངེས་པར་དུ་ཉམས་གསོ་བརྟན་གཏོང་དང་། བེད་སྤྱོད་བྱེད་མཚམས་འཇོག་པ། གནས་སྐབས་དེའི་ནང་མི་སྡོད་པ། བཤིག་ནས་བསྐྱར་དུ་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དུས་ཐོག་ཏུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་དགོས།

    དོན་ཚན་ཉེར་བཞི་པ། གྲོང་གསེབ་ཀྱི་ཁང་པའི་བདག་དབང་ཡོད་མཁན་དང་ཁང་པའི་ནང་སྡོད་མཁན་གྱིས་གཤམ་གསལ་ལྟར་བྱས་མི་ཆོག་པ་སྟེ།

    (གཅིག)ཆོག་མཆན་མ་ཐོབ་པར་རང་མཚམས་ཀྱིས་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་མི་ཆོག

    (གཉིས)མཛེས་བཟོ་བྱེད་རིང་ཁང་པའི་ལྗིད་ཐེག་གྲུབ་ཚུལ་རང་མཚམས་ཀྱིས་བསྒྱུར་མི་ཆོག

    (གསུམ)ཐོག་མའི་ཇུས་འགོད་ཀྱི་ཚད་གཞི་ལས་བརྒལ་ཏེ་ཁང་པ་གསར་པ་རྒྱག་མི་ཆོག

    (བཞི)ཁང་པའི་གྲུབ་ཚུལ་ལ་ཉེན་ཁ་ཡོད་པའི་སྒྲིག་བཀོད་དང་སྒྲིག་ཆས་བསྒར་མི་ཆོག

    (ལྔ།)ཁང་པ་བེད་སྤྱོད་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་གཞན་དག

    དོན་ཚན་ཉེར་ལྔ་པ། གྲོང་གསེབ་ཀྱི་ཁང་པ་ཐོན་སྐྱེད་དང་ཚོང་གཉེར་ཐད་སྤྱད་པའི་རིགས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

    ཐོན་སྐྱེད་དང་ཚོང་གཉེར་ཐད་སྤྱད་པའི་གྲོང་གསེབ་ཀྱི་ཁང་པ་དེ་ཉེན་ཆེའི་ཁང་པ་ཡིན་པ་གཏན་འཁེལ་བྱས་པའི་རིགས། འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཚོང་གཉེར་བྱེད་མཁན་ལ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་འདོན་དགོས།

    དོན་ཚན་ཉེར་དྲུག་པ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་། དེའི་འབྲེལ་ཡོད་སྡེ་ཚན། གྲོང་ཚོ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཅིག་གྱུར་འཆར་འགོད་བྱས་ནས་བརྒྱབ་པའི་གྲོང་གསེབ་ཀྱི་ཁང་པའི་རིགས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

    ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲིའི་སྐོར།

    དོན་ཚན་ཉེར་བདུན་པ། གཏན་འབེབས་དེ་ལས་འགལ་ཏེ་ཨར་སྐྲུན་ཚན་པས་ཨར་ལས་བྱེད་པའི་རིང་ལ་རྒྱུ་འཕྲི་སླ་བཅོས་བྱས་པའི་རིགས་དང་། ཚད་གཞི་དང་མི་མཐུན་པའི་ཨར་སྐྲུན་རྒྱུ་ཆ་དང་། ཨར་སྐྲུན་གྲུབ་ཆ(ལྷུ་ལག)སྒྲིག་ཆས་བཅས་སྤྱད་པའི་རིགས། ཡང་ན་ལས་གྲྭ་ཇུས་འགོད་ཀྱི་ས་བཀྲ་དང་ཨར་སྐྲུན་ལག་རྩལ་ཚད་གཞི་ལྟར་ཨར་སྐྲུན་མ་བྱས་པའི་བྱ་སྤྱོད་གཞན་དག་རིགས་བཅས་ལ་བཅོས་སྒྲིག་བཀའ་རྒྱ་གཏོང་དགོས་པ་དང་ལས་གྲྭའི་གན་རྒྱའི་རིན་དངུལ་གྱི་2%ཡན་ནས་4%མན་བར་གྱི་ཆད་པ་གཅོད་དགོས། ཨར་སྐྲུན་ལས་གྲྭའི་སྤུས་ཚད་གཏན་འབེབས་བྱས་པའི་སྤུས་ཚད་ཚད་གཞི་དང་མི་མཐུན་པའི་རིགས། ལས་ལོག་རྒྱག་པ་དང་ཉམས་བཟོ་བྱེད་དགོས་པ་མ་ཟད། དེ་ལས་ཕོག་པའི་གྱོང་གུན་ཡང་གསབ་དགོས། གནས་ཚུལ་ཚབས་ཆེ་བའི་རིགས་ལ་ལས་མཚམས་བཞག་ནས་ལེགས་སྒྲིག་བྱེད་དགོས་པའི་བཀའ་རྒྱ་གཏོང་དགོས་པ་དང་། འོས་བབ་རིམ་པ་དམའ་རུ་གཏོང་དགོས་པའམ་ཡང་ན་འོས་བབ་ལག་ཁྱེར་མེད་པར་བཟོ་དགོས།

    དོན་ཚན་ཉེར་བརྒྱད་པ། གྲོང་གསེབ་ཀྱི་ཁང་པ་རྒྱག་པར་ཞབས་འདེགས་དང་དོ་དམ་བྱེད་རིང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་དེའི་ལས་དོན་པས་རང་འཁྲིའི་ལས་འགན་སྣང་མེད་དུ་བཏང་བ་དང་། འགན་དབང་གང་བྱུང་དུ་སྤྱད་པ། ཉེ་དགའ་ཕྱོགས་ཞེན་དང་གཡོ་ཟོལ་བཅས་བྱས་པའི་རིགས། ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་པའི་རིགས། ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་ཉེར་དགུ་པ། བྱ་ཐབས་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་སྐོར་གཏན་འབེབས་བྱས་པའི་རིགས། གཏན་འབེབས་འདི་གཞིར་འཛིན་དགོས།

    ལེའུ་དྲུག་པ། ཞར་བྱུང་དོན་ཚན་གྱི་སྐོར།

    དོན་ཚན་སུམ་ཅུ་པ། བྱ་ཐབས་འདི་2024ལོའི་ཟླ་3ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།