མཚོ་སྣ་གྲོང་ཁྱེར་ལམ་ཕུག་ཤང་གིས་ཐབས་མང་མཉམ་དུ་སྤྱད་ནས་སྡོད་མལ་ཁོར་ཡུག་གཙང་མ་བཟོས་པ།
འདི་ལོ་ནས་བཟུང་མཚོ་སྣ་གྲོང་ཁྱེར་ལམ་ཕུག་ཤང་གིས་རྒྱུན་གཏན་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་སྤེལ་ཞིང་། བཅོས་སྒྲིག་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་གསེབ་ཀྱི་རྣམ་པ་བཟང་པོ་མུ་མཐུད་ལེགས་སུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཤང་དེའི་ཏང་ཡོན་ལས་བྱེད་པས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་6ལ་འགྱིག་གི་གད་གཞོང་སྤྲད་དེ་མང་ཚོགས་ཀྱིས“གད་སྙིགས་གད་གཞོང་དུ་བླུགས་པའི”འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད། གཞན་ཡང་གྲོང་ཚོའི་རྒྱང་བསྒྲགས་དང་། སྐད་འཕྲིན། བརྙན་ལམ་ཐུང་ངུ་། གཅིག་སྡུད་སྒྲོག་འགྲེལ་སོགས་བརྒྱུད་དྲིལ་བསྒྲགས་སློབ་གསོ་ཐེངས་18སྤེལ་བར་མང་ཚོགས་མི་ཐེངས་2100ཞུགས་པ་དང་། མང་ཚོགས་ལ་བདག་པོའི་འདུ་ཤེས་བཙུགས་ནས་རང་རྟོགས་ངང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།
དེ་དང་ཆབས་ཅིག་ཟླ་རེར“མཚོ་སྣའི་གཙང་སེལ་ཉིན་མོའི”བྱེད་སྒོ་ཐེངས་རེ་སྤེལ་བའི་རྨང་གཞིའི་ཐོག“གཟའ་འཁོར་རེར་ལྟ་སྐུལ་མཛུབ་ཁྲིད་རེ་དང་། ཟླ་རེར་བཀོད་གཏོང་རེ། དུས་ཚིགས་རེར་དཔྱད་ཞིབ་རེ”བཅས་ཀྱི་རང་བཤེར་བཅོས་སྒྲིག་ལམ་སྲོལ་ལག་ལེན་བསྟར་ནས“ཤང་གིས་གྲོང་ཚོར་ལྟ་སྐུལ་དང་རྩིས་ཐོ་བཟོ་བ་དང་། གྲོང་ཚོ་བཅོས་སྒྲིག་དང་ཐོ་ཁོངས་ནས་སུབ་པའི”ཕུགས་ཕན་ལམ་སྲོལ་གྲུབ་པར་བྱས་ཤིང་། མིག་སྔའི་བར་རྩིས་ཐོ་ཁག་23བཟོས་པ་དང་རྩིས་ཐོ་21དག་ཐེར་གྱི་ཐོ་ཁོངས་ནས་བསུབས་པ་རེད། “དུས་ཚིགས་རེར་དཔྱད་ཞིབ”བྱེད་པའི་དཔྱད་བསྡུར་བྱས་འབྲས་ལ་གཞིགས་ཏེ་དུས་ཚིགས་རེར་སྲིད་འཛིན་གྲོང་ཚོ་ཕུལ་བྱུང་2བདམས་ནས་སྐོར་སྐྱོད་དར་དམར་སྤྲད་པ་དང་། དཔྱད་ཞིབ་བྱས་འབྲས་ཅུང་རྗེས་སུ་ལུས་པའི་གྲོང་ཚོའི(གྲོང་ལྷན)འགན་འཁུར་བ་རང་འགུལ་ངང་གྲོང་ཚོ་ཕུལ་བྱུང(གྲོང་ལྷན)དུ་ཉམས་མྱོང་དང་བྱེད་སྟངས་ཕུལ་བྱུང་སློབ་སྦྱོང་དང་ཉམས་ལེན་བྱེད་པར་སྐྱོད་དགོས་པའི་རེ་བ་བཏོན་པས། ཤང་ཡོངས་སུ“ཡིད་སྨོན་བྱེད་པ”ནས“དངོས་སུ་སློབ་སྦྱོང་བྱེད་པ”དང་དེ་ནས“དེ་ལས་ལྷག་པ་དོན་གཉེར་བྱེད་པའི”བར་གྱི་འགྲན་སློབ་སྙེག་བརྒལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།